ཞིང་ཆེན་ཡོངས་ཀྱི་རིགས་གསར་བཟོ་ལས་ཅན་སྐུལ་སྤེལ་དང་བཟོ་ལས་ལྗང་མདོག་ཚུལ་སྒྱུར་གྱིས་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་ཟླ2པའི་ཚེས28ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིགས་གསར་བཟོ་ལས་ཅན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཡོངས་རིགས་གསར་བཟོ་ལས་ཅན་སྐུལ་སྤེལ་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། རིགས་གསར་བཟོ་ལས་ཅན་མངོན་འགྱུར་བྱེད་པའི་གནད་འགག་ལས་འགན་ཕྲག་ཏུ་ལེན་པ། བཟོ་ལས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་དམའ་སྲོག་ཤིང་དུ་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིགས་གསར་བཟོ་ལས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིགས་གསར་བཟོ་ལས་ཅན་སྐུལ་སྤེལ་བྱེད་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ནས་རྣམ་བཤད་གལ་ཆེན་བཏོན་ནས། ང་ཚོས་རིགས་གསར་བཟོ་ལས་ཅན་སྐུལ་སྤེལ་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་ལྗང་མདོག་ཐཱན་དམའ་འཕེལ་རྒྱས། བདེན་སྲུང་གསར་གཏོད། ས་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་ཚུལ་སྒྱུར་དམ་འཛིན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། མཚོ་སྔོན་གྱི་བཟོ་ལས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཁྱད་ལྡན་དགེ་མཚན་ཐོན་ལས་ཆེན་པོ་བཅུ་སྐྱེད་སྲིང་དང་གོང་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་གནད་འགག་འདེགས་སྐྱོར་རུ་གྱུར་ན་ཡང་། འཕྲད་པའི་དཀའ་ཁག་དང་འགྲན་རྩོད་ལ་ངོས་འཛིན་གསལ་བོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་རིགས་གསར་བཟོ་ལས་ཅན་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། བཟོ་ལས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པའི་འཐབ་ཇུས་ཁ་ཕྱོགས་ལ་ངེས་པར་དུ་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་རིགས་གསར་བཟོ་ལས་ཅན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་གཏོང་བ་དང་། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ་བྱེད་པ། མི་འདང་སར་ཤུགས་སྣོན་པ། དགེ་མཚན་དར་སྤེལ་བཏང་སྟེ། 2035ལོར་རྒྱལ་ཡོངས་དང་མཉམ་དུ་རིགས་གསར་བཟོ་ལས་ཅན་གྱི་འཐབ་ཇུས་དམིགས་འབེན་ངེས་པར་དུ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་འཕེལ་རྒྱས་ཀྱི་ལམ་བུ་ལྟར། མཐོ་ས་དང་གནས་བཞི་གཡུལ་ས་གཙོ་བོར་བརྩིས་ནས། ཁྱབ་ཁོངས་ཁ་ཤས་ནས་མཚོ་སྔོན་གྱི་བཟོ་ལས་ཀྱི་ཤན་ཤུགས་དང་འགྲན་རྩོད་ནུས་པའི་འཐབ་ཇུས་ངེས་གནས་ངེས་པར་དུ་མཐོར་འདེགས་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་གསར་དར་ཐོན་ལས་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་བཞུ། རྒྱུ་ཆས་གསར་བ། གཞི་གྲངས་དཔལ་འབྱོར་གྱི་ཁྲག་ཁྲིག་རིམ་པའི་ཐོན་ལས་འདུ་ཚོགས་གསར་སྐྲུན་བྱེད་པ། སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས། སྐྱེ་དངོས་གསོ་རིག་སྨན་རྫས། མཐོ་སྒང་གི་ཁམས་གསོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་ཤུགས་ཆེར་བསྐྱེད་དེ། ཐོན་སྐྱེད་ནུས་ཤུགས་གསར་མའི་འཐབ་ཇུས་གཙོ་གནད་མྱུར་དུ་གྲུབ་པར་བྱེད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་རིགས་གསར་བཟོ་ལས་ཅན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དཔལ་འབྱོར་བྱ་བའི་གོ་གནས་གཙོ་བོར་འཇོག་པ་དང་། བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། བཟོ་ལས་དང་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་སྒྱུར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། བཟོ་ལས་ཕྱོགས་ཡོངས་ནས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། མཐོ་ས་དང་གནས་བཞི་འཛུགས་སྐྲུན་སྲོག་ཤིང་འདེགས་སྐྱོར་དུ་བྱེད་པ་དང་། རི་གཉིས་ཀྱི་བཅོས་སྒྱུར་བགྲོད་ལམ་བཏོད་པ། རྒྱུན་རྣམ་ཡུན་ཕན་ཅན་གྱི་སྒོ་ནས་ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་པ་དང་ཐོན་ལས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་གྲུབ་པར་གཅིག་འདོམས་བྱེད་པ། བཟོ་ལས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས། སྐྱེ་ཁམས་ཐོན་རྫས་བཅས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་དང་སྤུས་འབྲས་གཉིས་ཀ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་གཙོར་འཛིན་པ། གཙོ་གནད་ཐོན་ལས་ཕྲེང་འབྲེལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུ་གསར་སྐྲུན་བྱེད་པ། ཐོན་སློབ་ཞིབ་སྤྱོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཐོ་སྒང་གི་ཁྱད་ལྡན་བསླབ་ཚན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། སྐོར་ཐེངས་དང་པོའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། གསར་དར་གཞི་གྲངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་ཐོན་ལས་དང་མཐོ་ས། གནས་བཞི་འཛུགས་སྐྲུན་སོགས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་རྩིས་ཤུགས་ཀྱི་མཁོ་འདོན་ཆུ་ཚད་ཇེ་དྲག་ཏུ་གཏོང་དགོས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་གསར་བཟོ་ལས་ཅན་གྱི་བཀོད་སྒྲིག་ལ་འདེགས་སྐྱོར་བྱེད་དགོས། ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། ཚོང་རར་འཇུག་ཆོག་པའི་མངོན་མིན་འགོག་རྐྱེན་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ། རྒྱུན་མཐུད་ངང་ཤུགས་བཏོན་ནས་ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་གོང་སྤེལ་བྱེད་དགོས།
ཁྲིན་ཀང་གིས་ཏང་གི་འགོ་ཁྲིད་རིགས་གསར་བཟོ་ལས་ཅན་གྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཉམ་ལས་འཕེལ་རྒྱས། སྲིད་ཇུས་ཀྱི་རྒྱབ་སྐྱོར། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་པ། རིགས་གསར་བཟོ་ལས་ཅན་གྱི་ཞབས་ཞུ་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། རང་ཞིང་གི་རིགས་གསར་བཟོ་ལས་ཅན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས་པའི་རེ་བ་བཏོན།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལྗང་མདོག་ཚུལ་སྒྱུར་གྱི་གཙོ་ཐིག་ལ་དམིགས་པ་དང་། འཐབ་ཇུས་ཁ་ཕྱོགས་དང་འཐབ་ཇུས་དམིགས་འབེན། འཐབ་ཇུས་ངེས་གནས་དང་འཐབ་ཇུས་གཙོ་གནད་གཙོར་འཛིན་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། མ་འོངས་པའི་ཐོན་ལས་ལ་སྔོན་དུ་བཀོད་སྒྲིག་བྱས་ཏེ། སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ་དང་དགེ་མཚན་གསར་བ་གྲུབ་པར་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས། ཞན་ཆ་དང་མི་འདང་ས་གཙོར་འཛིན་པ་དང་། སྟབས་བདེ་ཕན་མཐོ་ཡི་སྲིད་དོན་ཁོར་ཡུག་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག ཁྲིམས་བཟང་སྐྱོང་མཁས་ཀྱི་ཁྲིམས་སྐྱོང་ཁོར་ཡུག ཁ་དན་ཚིག་གནས་ཀྱི་ཡིད་རྟོན་ཁོར་ཡུག་བཅས་གསར་སྐྲུན་བྱེད་པ། སྤུས་ལེགས་ཐོན་ཁུངས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་གཙོ་གནད་ཐོན་ལས་ཕྲེང་འབྲེལ་ཕྱོགས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་སྟེ། རང་ཞིང་གི་ཁེ་ལས་དང་ཐོན་ལས། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཏང་ཨུ་དང་ཏང་ཙུའུ་ཡི་གཅིག་གྱུར་འགོ་ཁྲིད་དང་སྲིད་གཞུང་གི་འགན་ཁུར་ལག་བསྟར་བྱེད་པ། ཁེ་ལས་ཀྱིས་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ། རིགས་མི་འདྲ་བའི་ཁེ་ལས་དང་ནོར་སྲིད། དངུལ་རྩ། ཁྲལ་བསྡུ་སྲིད་ཇུས་ཀྱི་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ། རིགས་མི་འདྲ་བའི་འཆར་འགོད་དང་ཇུས་གཞི། འགུལ་སྐྱོད་འཆར་གཞི་སྣ་ཚོགས་ཟུང་འབྲེལ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། རིགས་གསར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས།
ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིགས་གསར་བཟོ་ལས་ཅན་ལ་སྐུལ་སྤེལ་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་རིགས་གསར་བཟོ་ལས་ཅན་ལ་སྐུལ་སྤེལ་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལོའུ་ཀང་བཅས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།