ཧན་ཀྲིན་གྱིས་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་འཛམ་གླིང་ཧྲིལ་བོའི་སྤྱི་ཁྱབ་ལས་འཛིན་པ་སི་ཧེ་ཐི་ལ་མཇལ་འཕྲད་གནང་།
2024.02.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ2པའི་ཚེས28ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་འཛམ་གླིང་ཧྲིལ་བོའི་སྤྱི་ཁྱབ་ལས་འཛིན་པ་སི་ཧེ་ཐི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས28ཉིན་པེ་ཅིང་དུ་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་འཛམ་གླིང་ཧྲིལ་བོའི་སྤྱི་ཁྱབ་ལས་འཛིན་པ་སི་ཧེ་ཐི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག་ཏུ།   ཀྲུང་གོ་སྲིད་གཞུང་གིས་ལྷད་མེད་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ཤིང་དེ་ལག་བསྟར་བྱས་ནས་མཛེས་སྡུག་ཀྲུང་གོའི་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།   འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་ནི་འཛམ་གླིང་ཧྲིལ་བོའི་ཆེས་ཆེ་བའི་ཁོར་སྲུང་རྩ་འཛུགས་ཡིན་པ་དང་།  དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་གདན་ཞུས་ལྟར་ཀྲུང་གོར་ཡོང་ནས་དོམ་ཁྲའི་སྲུང་སྐྱོབ་མཉམ་ལས་སྤེལ་ཏེ་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད།   རང་བྱུང་ཁོར་ཡུག་ནི་མིའི་རིགས་འཚོ་གནས་བྱེད་པའི་རྨང་གཞི་ཡིན་པ་དང་།  དེར་གནོད་སྐྱོན་ཕོག་ཚེ་སླར་གསོ་བྱེད་རྒྱུ་ནི་ཧ་ཅང་དཀའ།   ཀྲུང་གོས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཀྲུང་གོ་ནི་འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཟབ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན།  སྣེ་ཁྲིད་མཁན་བཅས་ཡིན་ལ།   ཐེབས་རྩ་ཚོགས་པ་དང་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ་འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།

སི་ཧེ་ཐི་ཡིས་ཀྲུང་གོས་འཛམ་གླིང་ཧྲིལ་བོའི་རང་བྱུང་སྲུང་སྐྱོབ་དང་སྐྱེ་ཁམས་བཅོས་སྐྱོང་ཐད་བཏོན་པའི་བྱེད་ནུས་གལ་ཆེན་ལ་ཚད་མཐོའི་བསྟོད་བསྔགས་བྱས་པ་དང་།    ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།