ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་བསྡུས།
2024.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ2པའི་ཚེས28ཉིན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས(རྒྱས་འཛོམསགྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲག་ཏུ་གནས་ཞེས་པའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཉེན་བརྡའི་སློབ་གསོའི་བརྙན་ཐུང་ལ་བལྟས་པ་དང་གཅིག་སྡུས་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བའི་རྩ་བཅོས་འཐབ་ཇུས་ཀྱི་ལོ་གསུམ་གྱི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་དངོས་སྒྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཆེད་བདེ་འཇགས་ཁོར་ཡུག་ཅིག་བསྐྲུན་དགོས་པ་ནན་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་གི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་བའི་དཔེ་མཚོན་གྱོད་གཞིའི་བསླབ་བྱ་བསྡུ་ལེན་ཟབ་མོ་བྱས་ཏེ། གཅིག་ཤེས་ཀུན་གྲོལ་རྒྱུན་འཁྱོངས་དང་། ངོས་འཛིན་གསལ་བོ་དང་ཚད་མཐོའི་དོགས་ཟོན་ནམ་ཡང་སྲུང་འཛིན་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ནས། ནན་འཛིན་གཟབ་ནན་དང་། སྔོན་ལ་ཞིབ་འཇུག་བརྡར་གཅོད་དང་སྔ་མོ་ནས་ཁ་གཏད་འཇལ་བ། གནད་དོན་ལ་དམིགས་པ་དང་ཞན་ཆ་ཁ་གསབ་བྱས་ཏེ། དོན་རྐྱེན་ཚབས་ཆེན་འབྱུང་བར་གཏན་འགོག་བྱེད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་བྱ་བའི་རྩ་བཅོས་འཐབ་ཇུས་ཀྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་གཞི་འཛིན་ས་གཙོ་བོར་བྱས་ཏེ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། དམིགས་འབེན་བླང་བྱ་དང་ནང་དོན་གཙོ་བོ། བྱེད་ཐབས་ཐབས་ཇུས།  གནད་འགག་གོ་རིམ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། རྩ་འཛུགས་ལག་བསྟར་བྱ་བ་དམ་འཛིན་ཞིབ་ཚགས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རྐྱེན་སྣ་ཚོགས་འབུར་ཐོན་ལ་དམིགས་ཏེ། བདེ་འཇགས་འདུ་ཤེས་དང་བདེ་འཇགས་འགན་འཁྲི། བདེ་འཇགས་འཆར་གཞི། བདེ་འཇགས་ཁྲིམས་སྐྱོང་། བདེ་འཇགས་ཚད་གཞི། བདེ་འཇགས་ཚན་རྩལ། བདེ་འཇགས་བཟོ་སྐྲུན། བདེ་འཇགས་སྤུས་ཚད་སོགས་ཕྱོགས་ཀྱི་ཞན་ཆ་གསབ་པ་དང་། མི་འདང་སར་ཤུགས་སྣོན་དགོས་ལ། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་རྩ་བའི་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་དགོས། གཞུང་ལམ་འགྲིམ་འགྲུལ་དང་། འཛུགས་སྐྲུན་ལས་ཡུལ། གཏེར་རི། ཉེན་ཁ་ཅན་གྱི་རྫས་འགྱུར་དངོས་རྫས། བཟོ་ལས་ཉོ་ཚོང་། ཤོག་སྦག  དམིགས་བསལ་སྒྲིག་ཆས། སོལ་རླངས། ཡུལ་སྐོར། མེ་འགོག་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་འབུར་ཐོན་ཡོང་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་མངོན་པའི་ཉེན་ཁར་ཞིབ་བཤེར་བཅོས་སྒྲིག་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ཤིང་། འགོག་ར་བརྟན་པོར་བཟོ་བ་དང་ཚད་མཐའ་བརྟན་སྲུང་བྱེད་དགོས། ལོ་སར་རྗེས་ཀྱི་ཁེ་ལས་ཀྱིས་ལས་འགོ་རྩོམ་པའི་གནད་འགག་དུས་སྐབས་འབུར་ཐོན་ཡོང་བར་བྱས་ཏེ། གཟབ་ནན་དང་ཞིབ་ཚགས། དོན་དངོས་བཅས་ཀྱི་སྒོ་ནས་བདེ་འཇགས་ཉེན་ཁར་ཞིབ་འཇུག་དང་དབྱེ་ཞིབ་ཐེངས་གཅིག་བྱེད་རྒྱུར་རྩ་འཛུགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་བཅོས་སྐྱོང་ཆེན་མོ་ཐེངས་གཅིག་སྤེལ་དགོས་ལ།  ལྷག་པར་གཞིས་སྡོད་ཁུལ་དང་ཚོང་ར། སློབ་གྲྭ། སྨན་ཁང་། རྒན་གསོ་ལས་ཁུངས།  ཚོགས་ར་ཆུང་བ་དགུ་དང་བཟོ་སྐྲུན་ལས་ཡུལ་སོགས་དམིགས་སུ་བཟུང་ནས།  མི་མངོན་པའི་ཉེན་ཁ་སྣ་ཚོགས་མ་བྱུང་སྔོན་ལ་དངོས་སུ་སེལ་ཐུབ་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་རྒྱུན་ཐག་རྒྱུན་ཆད་མེད་པར་དམ་པོར་འཛིན་པ་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ལ་ཤུགས་བསྣན་ཏེ། འཕྲལ་བསྟུན་གྲ་སྒྲིག་ལེགས་པོར་སྒྲུབ་པ་དང་། ལས་རེས་ལས་སྲུང་ཤུགས་དྲག་ཏུ་གཏོང་བ། འགག་སྒོ་དམ་སྲུང་དང་གཡུལ་ས་བརྟན་སྲུང་བྱས་ནས། དུས་ཚིགས་འགོ་མར་གྲུབ་འབྲས་བཟང་བོ་ལེན་ཆེད་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།

ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ལིའུ་ཐའོ་དང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།