མཚོ་འཁྱག་འཛམ་གླིང་རིམ་པའི་གནམ་དཔྱད་བརྟག་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ2པའི་ཚེས29ཉིན་གྱི་སྔ་དྲོར། མཚོ་འཁྱག་འཛམ་གླིང་རིམ་པའི་གནམ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་མཐོང་རྒྱ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཁྲོད་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱེད་པ་དང་། འཛམ་གླིང་རྩེ་གྲས་ཀྱི་གནམ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་སྟེང་མཚོ་འཁྱག་འཛམ་གླིང་རིམ་པའི་གནམ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བྱ་བ་དེར་སེམས་ཁུར་དང་རྒྱབ་སྐྱོབ་བྱེད་པ་དང་དེའི་ཁྲོད་ཞུགས་པའི་ཆེད་མཁས་པ་དང་རིག་གནས་པར་བཀའ་དྲིན་ཞུས། ཚོགས་ཐོག་ནས་བསྟན་དོན། མཚོ་འཁྱག་ས་ཁུལ་དུ་རྒྱལ་སྤྱིའི་རྩེ་གྲས་ཀྱི་གནམ་དཔྱད་སྟེགས་བུའི་བརྟག་དཔྱད་ཚད་འཇལ་བྱེད་ཆོག་པའི་དུས་ཚོད་དང་གནམ་དྭངས་པའི་མཚན་མོ་དང་རྒྱང་ཤེལ་གྱི་གསལ་ཚད་བཅས་ཡོད་པ་དང་། འཛམ་གླིང་རིམ་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དཀོན་པོ་ཡིན་ལ། འོད་རིག་གནམ་དཔྱད་འཕེལ་རྒྱས་ཀྱི་ཐོན་ཁུངས་རྩ་ཆེན་ཡང་ཡིན་པས། ངེས་པར་དུ་དེའི་རིན་ཐང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྒུག་མི་འོས་པའི་བྲེལ་མྱུར་འདུ་ཤེས་དང་བྲེལ་མི་རུང་བའི་རིག་པ་གསལ་བོས་རྟེན་གཞི་སྟོབས་ལྡན་དུ་བསྒྱུར་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མཚོ་འཁྱག་འཛམ་གླིང་རིམ་པའི་གནམ་དཔྱད་ཚད་འཇལ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་གྱིས་མཐོ་སྒང་གི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། ཁོངས་གཅིག་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་གཙོ་བོ་ཡིན་པས། འཛམ་གླིང་གི་མཐོང་རྒྱ་དང་མཐོ་སའི་ངེས་གནས། སྒོ་འབྱེད་མཉམ་ལས། མ་འོངས་པར་ཁ་ཕྱོགས་པར་བརྟེན་ནས་རྟེན་གཞི་བཟང་བོ་འཛུགས་སྐྲུན་བྱེད་དགོས། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་པ། རྒྱལ་ཁབ་ཀྱི་ཁེ་ཕན་གཙོར་འཛིན་པ་དང་འཛམ་གླིང་ཡོངས་ཀྱི་མཐོང་རྒྱར་དམིགས་པ། ལོ་རྒྱུས་ལ་འགན་ཁུར་བ། མ་འོངས་པར་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཐོན་ཁུངས་སྡེབ་སྒྲིག་དང་བར་སྟོང་གྲུབ་ཚུལ་ལ་བསམ་གཞིགས་གཏོང་དགོས། རིམ་པ་བཞིན་འཛུགས་སྐྲུན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་གོ་རིམ་གྱི་ཁྲིད་ཕྱོགས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གནད་འགག་གི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གནད་དོན་ཐག་གཅོད་དགོས། ཐོན་ལས་མཉམ་ལས་སྒོས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། གནམ་དཔྱད་གྲོང་རྡལ་དང་མིག་དམར་གྲོང་རྡལ་འཛུགས་སྐྲུན་བྱེད་པ། ཚན་རྩལ་ཚན་འཕྲུལ་དང་ཚན་རྩལ་ཁྱབ་གདལ་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་འདོན་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགོ་ཁྲིད་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་བྱ་བ་སྒྲུབ་མཁན་དང་ཏང་ཡོན་ལས་བྱེད་པས་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་གྱི་འགན་འཁྲིའི་འདུ་ཤེས་བཅངས་ནས་འཚོལ་ཞིབ་བྱེད་ཕོད་པ་དང་སྐྱེས་འབུལ་ཁག་ཁུར་བྱེད་པར་སྐུལ་སློང་བཏང་སྟེ། རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་དང་གནམ་དཔྱད་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས། རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་སྦྲེལ་མཐུད་བྱེད་པ། ཕྱི་ཕྱོགས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་བ། ཕྱོགས་སོ་སོའི་སྤུས་ལེགས་ཐོན་ཁུངས་ནང་འདྲེན་བྱེད་པ། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལེན་པར་ཤུགས་བསྣན་ནས། རྟེན་གཞི་འཛུགས་སྐྲུན་བྱེད་ཆེད་ཁོར་ཡུག་བཟང་བོ་བསྐྲུན་པ་དང་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས།

གྲོས་ཚོགས་སྟེང་མ་འོངས་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བསམ་གཞིགས་གཏོང་བ་དང་། བར་སྣང་སྲུང་སྐྱོང་ནས་ས་ཞིང་དང་མ་དངུལ། ཤེས་ལྡན་མི་སྣ། སྨན་བཅོས་ཞབས་ཞུ་སོགས་ཕྱོགས་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ་དང་། གནམ་གཤིས་དང་ས་ཡོམ། འོད་གནོད་སོགས་གནོད་འཚེའི་ཡུན་རིང་གི་ལྟ་ཞིབ་དཔྱད་འཇོག་ཉེན་བརྡ་བཟང་བོར་བསྒྲུབ་དགོས། ཚོང་རྟགས་ཇུས་འགོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ནས། རྟེན་གཞིའི་མཚན་སྙན་མཐོར་འདེགས་གཏོང་དགོས། འབྲེལ་ཡོད་ཐོན་ལས་རྒྱུན་སྲིང་བཀོད་སྒྲིག་བྱེད་པ་དང་། ལྟ་ཞིབ་རྟེན་གཞི་དང་ཐོན་ལས་ཆ་སྡེབས། རིག་གནས་ཡུལ་སྐོར་སོགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ད་ཡོད་ཀྱི་སྒྲིག་ཆས་ནུས་པ་འདོན་སྤེལ་བྱས་ཏེ། ཆུང་ཞིང་མཛེས་པའི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱེད་དགོས། འགོ་ཁྲིད་ཚན་ཆུང་གིས་དུས་བཀག་ལྟར་སྐུལ་སྤེལ་བཀོད་གཏོང་བྱ་བར་ཞིབ་འཇུག་བྱེད་པ་དང་། མཉམ་འཛིན་མཉམ་སྡོམ་གྱི་མཉམ་ཤུགས་གྲུབ་པར་བྱས་ནས། རྟེན་གཞིའི་ཚན་རིག་སྒྲིག་བཀོད་འཁོར་རྒྱུག་བྱེད་ཆེད་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། མཚོ་ནུབ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ནན་ཅིན་ཙི་ཅིན་རི་བོའི་གནམ་དཔྱད་ཁང་གི་འགོ་གཙོ་གཞོན་པ། ཞིབ་འཇུག་པ་ཝུའུ་ཞུའེ་ཧྥིན། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གནམ་དཔྱད་རིག་པའི་ཚན་ཁག་གི་ལག་བསྟར་ཀྲུའུ་རིན། དགེ་རྒན་ཆེན་མོ་ཁུང་ཞུས། ཆིན་ཧྭ་སློབ་ཆེན་གནམ་དཔྱད་ཚན་ཁག་གི་དགེ་རྒན་ཆེན་མོ་ཚའེ་ཀྲིན་བཅས་ཀྱིས་གཏམ་བཤད། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་ཡིག་ཐོག་བརྗེ་རེས་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།