ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་དྲུག་པའི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་གི་སློབ་དེབ་ཀྱི་གླེང་གཞི་བྲིས།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 208

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་དྲུག་པའི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་གི་སློབ་དེབ་ལ་གླེང་གཞི་བྲིས་ནས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་དང་། མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་གསར་བ་བཏོད་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་བསྐྲུན་པ་ཞིག་ཀྱང་ཡིན། རང་རེའི་ཏང་གི་ངོས་ནས་བཤད་ན། དེ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། ཛ་དྲག་ཆེ་བའི་དངོས་ཡོད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན་པའི་དབང་གིས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་བརྟེན་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཡིན།

ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཆེ་ན་གཞི་ནས་ཁ་ཕྱོགས་གསལ་བོ་ཡིན་པ་དང་མི་སེམས་མཐུན་པོ་ཡོང་བ། གདིང་ཤུགས་ཆེན་པོ་ལྡན་པ་བཅས་ཡོང་ཐུབ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དེ། རྒྱུན་འཁྱོངས་ལྷོད་མེད་ངང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་དང་། མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་རྣལ་མ་བསླབ་ནས་ཤེས་ཐབས་བྱེད་པ། བསམ་བློའི་གཅིག་གྱུར་ཆེན་མོར་བརྟེན་ནས་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ཆབ་སྲིད་ཀྱི་ནུས་པ་དང་འགོ་ཁྲིད་ཀྱི་ནུས་པ། བྱ་བའི་ནུས་པ་བཅས་མཐོར་འདེགས་གཏོང་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ནས་འབད་འབུངས་ཡར་བརྩོན་དང་སྙིང་སྟོབས་ཆེར་སྐྱེད་སྒོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་བསྡུ་ལེན་བྱེད་མཁས་པར་བྱས་ནས། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་གཏོང་དང་འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བརྡར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པའི་འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས། སྐྱོད་ལམ་གསར་བར་འབད་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་ལུགས་སྟོང་བཤད་བྱེད་མི་རུང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུ་ཁོ་ནའི་ཆེད་ཡིན། རིམ་པ་སོ་སོའི་ལས་བྱེད་པས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་སྟེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བསམ་བློའི་མཚོན་ཆ་སྟོབས་ལྡན་རང་རྟོགས་ངང་ཁོང་དུ་ཆུད་པར་བྱེད་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན། ཏང་འཛུགས་སྐོར་གྱི་མངོན་གསལ་དོད་པའི་གནད་དོན་བཅས་རྒྱུན་མཐུད་ངང་ཐག་གཅོད་བྱེད་རྒྱུ་དང་། ཉེན་ཁ་གལ་ཆེན་ནུས་ལྡན་ངང་འགོག་སེལ་བྱས་ནས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཀོད་པའི་རྔམ་བརྗིད་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་འབད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་བའི་ཚུན་ལ། ཏང་གི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད་ཅིང་། དེ་དང་བསྟུན་ནས་ང་ཚོའི་སློབ་སྦྱོང་ཡང་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་དགོས། སློབ་དེབ་འདི་དག་གིས་དུས་རབས་གསར་བའི་གསར་གཏོད་གྲུབ་འབྲས་གཅིག་སྡུད་སྒོས་མཚོན་ཡོད་ཅིང་། རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བཞིན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡང་མངོན་པར་བསྟན་ཡོད། རིམ་པ་སོ་སོའི་ལས་བྱེད་པས་སློབ་དེབ་ཡག་པོ་སྦྱོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྦྱོར་བ་བརྟན་པོར་སྤེལ་མཁན་དང་དངོས་གཉེར་པ་རྣལ་མ་ཞིག་འཁྱོངས་པར་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།