ཟླ2པའི་ཚེས29ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཏེ། གཟབ་ནན་དངོས་སྒྲུབ་དང་དམ་འཛིན་མཐའ་འཁྱོལ་བྱས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་ཇི་མ་ཇི་བཞིན་དུ་དག་ཐེར་ལེགས་བཅོས་བྱེད་དགོས་པ་གསལ་བོར་བསྟན།
ཧོང་ལི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་རུ། ཁྲིན་ཀང་གིས་ཡུལ་དངོས་ནས་བཙོག་ཆུ་གཙང་སྒྱུར་བྱེད་ནུས་ལ་གཟིགས་ཞིབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་བཙོག་ཆུ་བསྡུ་སྒྲིག་གཙང་སྒྱུར་དང་། མཁར་གྲོང་གི་ཕྱིར་གཏོང་སྦུ་གུ་སྣོལ་འབྲེལ་མཉམ་སྦྲེལ། ཆུ་སྒམ་བཀང་བ་སོགས་ཀྱི་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་ཞིབ་མོར་དྲིས་ཤིང་། ད་ལྟ་བཅོས་སྒྱུར་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྲིག་དམིགས་འབེན་དང་བྱེད་ཐབས་རེ་རེ་བཞིན་གཏན་འབེབས་བྱེད་པ་དང་། འགན་འཁྲི་གཙོ་བོ་དང་ལེགས་འགྲུབ་དུས་བཀག་གཏན་ཁེལ་གསལ་བོ་བྱེད་པ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་པ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་འཐབ་ཇུས་ལག་བསྟར་ཡག་པོར་བྱེད་པ། འཚོ་བའི་བཙོག་ཆུ་གཙང་སྒྱུར་ནུས་སྐྱེད་བཟོ་སྐྲུན་ལག་བསྟར་གང་ལེགས་བྱེད་པ་དང་། མཁར་གྲོང་གི་བཙོག་ཆུ་བསྡུ་སྒྲིག་ཚད་དང་ཐག་གཅོད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ཙོང་ཆུའི་བཞུར་རྒྱུན་གྱི་ཁོར་ཡུག་ནུས་ལྡན་ངང་ལེགས་བཅོས་བྱེད་དགོས། སྦུག་ལམ་ཞིབ་བཤེར་བྱ་བ་མྱུར་དུ་འགྲུབ་པར་བྱེད་པ་དང་། སྣོལ་སྡེབ་ཟུང་འབྲེལ་གྱི་བཅོས་སྐྱོང་རྣམ་པ་ལྟར། སྐོར་ཁག་དབྱེ་ནས་བཅོས་སྒྲིག་བྱེད་དགོས་ལ། བཅོས་སྐྱོང་བཟོ་སྐྲུན་གྱི་ཕན་ནུས་དངོས་སུ་འདོན་སྤེལ་བྱེད་དགོས། མཁར་གྲོང་གི་བཙོག་ཆུ་གཙང་སྒྱུར་བྱ་བའི་མ་ལག་རང་བཞིན་ལ་དོ་སྣང་བྱས་ཏེ། ཆུ་འབོར་སྒྲིག་སྦྱོར་གནས་ཚུལ་གཞིར་བཟུང་ནས། གོ་རིམ་ཡོད་པའི་སྒོ་ནས་ཆུ་སྒམ་བཀང་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་བཙོག་ཆུ་བཅོས་སྐྱོང་སྤུས་འབྲས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ལྟ་ཞིབ་སྙན་ཞུ་ལས་ཟི་ལིང་གྲོང་ཁྱེར་འདམ་རྫབ་ཐག་གཅོད་ལྟེ་གནས་ཀྱི་ཇུས་འགོད་སྒྲིག་གཞིས་དོན་དངོས་དགོས་མཁོ་སྐོང་མི་ཐུབ་པ་དང་། ཁེ་ལས་རེ་འགས་འདམ་རྫབ་གང་འདོད་དུ་སྤུངས་ནས་ཡོད་པ། ཁོར་ཡུག་གི་མི་མངོན་པའི་ཉེན་ཁ་གནས་པ་སོགས་ཀྱི་གནད་དོན་བསྟན་ཡོད་པས། ཁྲིན་ཀང་ཟི་ལིང་གྲོང་ཁྱེར་འདམ་རྫབ་ཐག་གཅོད་ལྟེ་གནས་ལ་སོང་སྟེ། འདམ་རྫབ་ཐག་གཅོད་གཞི་རྒྱ་དང་། བཟོ་རྩལ་བརྒྱུད་རིམ། ཆེད་སྤྱོད་གསབ་སྦས་ར་བའི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཐག་གཅོད་བརྒྱུད་རིམ་སྔར་ལས་ཚད་ལྡན་ཅན་དུ་གཏོང་བ་དང་། ཐག་གཅོད་ནུས་པ་དང་ལག་རྩལ་ཆུ་ཚད་ཇེ་མཐོར་གཏོང་བ། གཟབ་ནན་གྱི་དོ་དམ་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་བཏང་སྟེ། འདམ་རྫབ་གནོད་མེད་ཅན་གྱིས་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འདམ་རྫབ་བཅོས་སྒྲིག་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་དགོས་པ་སོགས་ཀྱི་བླང་བྱ་བཏོན།
གློག་འབྱེད་ཧ་ཡང་སྙིགས་རོ་ར་བའི་སིམ་འགོག་བྱེད་ཐབས་ཚད་ལྡན་མིན་པ་དང་། གློག་འབྱེད་ཧ་ཡང་གི་སྙིགས་རོ་ཐག་གཅོད་བྱེད་ཐབས་ནན་ཏན་མིན་པ་དེ་ཡང་ཐེངས་འདིའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་རྙེད་པའི་གནད་དོན་གྲས་ཀྱི་གཅིག་རེད། ཁྲིན་ཀང་འབྲེལ་ཡོད་ཀུང་ཟིའི་ཉེན་ཁའི་སྙིགས་རོ་བསྡུ་ས་རུ་སོང་སྟེ། བཙག་འབྱེད་བཤེར་ཆུ་ཐག་གཅོད་བྱེད་པ་དང་། སྙིགས་རོ་གཙང་སེལ་སོགས་ཀྱི་བཅོས་སྒྲིག་བྱེད་ཐབས་ཞིབ་ཏུ་རྒྱུས་ལོན་བྱས་ཤིང་། མ་ལག་བཅོས་སྐྱོང་དང་། མགོ་ཁུངས་བཅོས་སྐྱོང་། ཚན་རིག་བཅོས་སྐྱོང་བཅས་ལག་བསྟར་བྱས་ཏེ། སྙིགས་རོ་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པ་དང་། གནོད་མེད་ཀྱིས་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་དགོས་ལ། གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་ཁའི་སྔོན་འགོག་འདུ་ཤེས་ཇེ་མཐོར་གཏོང་བ། ཁེ་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཁོར་ཡུག་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། རྗེས་འདེད་སྐུལ་སྒྲུབ་དང་། རྗེས་འདེད་ཕན་སྐུལ་ཤུགས་དྲག་ཏུ་བཏང་སྟེ། བླང་བྱ་དང་དུས་བཀག ཚད་གཞི་ལྟར་བཅོས་སྒྲིག་གནད་ཁེལ་བྱས་ནས། བཅོས་སྒྲིག་མཇུག་འབྲས་ཀྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་ལེན་ཐེག་ཐུབ་པར་བྱེད་དགོས་པ་གསལ་བོར་བསྟན།
ཝང་ཝེ་ཏུང་དང་། ལིའུ་ཐའོ་ཡིས་མཉམ་དུ་ལྟ་སྐུལ་རྟོག་ཞིབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།