ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བྱ་བའི་གྲོས་ཚོགས་བསྡུས།
2024.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་བྱ་བར་ཕྱོགས་བསྡོམས་བྱས་པ་དང། ཉིས་སྟོང་ཉེར་བཞི་ལོའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བལྟས་ན། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག  བཅོས་སྒྱུར་གྱིས་བྱ་བའི་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་དབང་མ་རྩའི་སྒྲིག་བཀོད་དང་སྒྲིག་གཞི་རྒྱུན་མཐུད་ལེགས་སྒྱུར། བདེ་འཇགས་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། བསགས་འབོར་བུ་ལོན་གྱི་ཉེན་ཁ་རིམ་ལྡན་སྒོས་སེལ་ནས། རྒྱལ་དབང་ཁེ་ལས་ཀྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་མངོན་འགྱུར་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བར་བྱས་རྗེས་གལ་ཆེན་བཞག

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་ལ་བཏོན་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བྱ་བའི་ཁ་ཕྱོགས་ཡང་དག་པ་དམ་འཛིན་བྱེད་དགོས།  ངེས་པར་དུ་ཆབ་སྲིད་ཀྱི་སྟེང་ནས་རྒྱལ་དབང་ཁེ་ལས་ཀྱི་གོ་གནས་དང་བྱེད་ནུས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ངེས་པར་དུ་ཏང་གི་རྒྱལ་དབང་ཁེ་ལས་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྒྱལ་དབང་ཁེ་ལས་ལེགས་སྒྱུར་དང་སྟོབས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་འཐབ་རྩོད་ཀྱི་འདུ་ཤེས་དང་ནུས་པའི་ཁྲིད་སྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ། ལམ་ལུགས་རང་བཞིན་དང་། རྐྱེན་སྲོལ་རང་བཞིན། བྱེད་ལས་རང་བཞིན་གྱི་གནད་དོན་གཅིག་བསྡུས་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཆེན་པོ་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན། དངོས་གཉེར་དམ་འཛིན་དང་བྱ་བ་ལེགས་སྒྲུབ་བྱས་ཏེ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། བཅོས་བསྒྱུར་གྱིས་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བྱ་བའི་ཁྱོན་ཡོངས་ལ་སྣེ་ཁྲིད་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་དང་།  རྒྱལ་གཉེར་དཔལ་འབྱོར་གྱི་སྒྲིག་བཀོད། ཚན་རྩལ་གསར་གཏོད་ཀྱི་ནུས་པ། རྒྱལ་དབང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་ཏན་ཏིག་བྱེད་པ་དང་།  བུ་ལོན་གྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་སེལ་ཐབས་བྱས་ཏེ། སྐྱེ་ཁམས་ཀྱི་མཚམས་ཐིག་དམར་པོ་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཏང་འཛུགས་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་བཏང་ནས། ཁེ་ལས་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།