ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.03.01 ཁུངས། ཀློག་གྲངས། 11

ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། ཉིས་སྟོང་ཉེར་གསུམ་ལོའི་བྱ་བར་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཉིས་སྟོང་ཉེར་བཞི་ལོའི་བྱ་བར་བཀོད་སྒྲིག་བྱས་ཏེ། ཁོངས་གཏོགས་ཡོངས་ཀྱིས་གསར་སྤེལ་གསར་གཏོད་དང་ཡར་བརྩོན་ལྷོད་མེད་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བར་གྲུབ་འབྲས་གསར་བ་ལེན་པ་དང་རྣམ་པ་གསར་བ་བསྐྲུན་པར་སྐུལ་སློང་བྱས། 

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བར་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཉེན་ཁ་འགོག་སྲུང་དང་། དོན་རྐྱེན་རིགས་སྣ་མང་པོ་ཐག་གཅོད་བྱས་ནས། ཉམས་སད་གསར་བ་ཐེག་ཡོད་ལ། སྤྱི་ཚོགས་བདེ་འགོད་དང་མི་དམངས་བདེ་འགོད་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད། ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཐད་དོན་རྐྱེན་བྱུང་ཚད་དང་མི་སྣ་ཤི་བའི་ཚད། མི་སྣར་རྨས་སྐྱོན་བྱུང་ཚད་བཅས་ཉིས་སྟོང་བཅུ་དགུ་ལོ་དང་བསྡུར་ན་བརྒྱ་ཆའི་སོ་ལྔ་གྲངས་ཆུང་དགུ་དང་བརྒྱ་ཆའི་ཉེར་གསུམ་གྲངས་ཆུང་དྲུག  བརྒྱ་ཆའི་ཞེ་ལྔ་གྲངས་ཆུང་གཅིག་བཅས་ཀྱིས་མར་ཆག་ཅིང་། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་གལ་ཆེན་གཅིག་ཀྱང་མ་བྱུང་། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་བཞི་ལོ་ནི་ལོ་ལྔའི་འཆར་འགོད་བཞི་བཅུ་པའི་འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། འཕྲལ་བསྟུན་དོ་དམ་གྱི་བྱ་བའི་འགན་འཁུར་ཆེ་ལ་ལས་འགན་ལྗིད། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་འགུལ་བསྐྱོད་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། དོ་དམ་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། ལས་རྐང་གཅིག་ལ་འགན་འཁུར་གཉིས་ལག་ལེན་བྱེད་པར་སྐུལ་འདེད་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་བའི་གནད་དོན་གཏིང་ཟབ་དག་ལ་ཚོད་འཛིན་བྱས་ནས། ཁེ་ལས་འགན་ཁུར་བས་བདེ་འཇགས་སློབ་གསོའི་ཟབ་སྦྱོང་དམ་འཛིན་བྱེད་པ་དང་། དོན་རྐྱེན་གལ་ཆེན་གྱི་སྦས་ཤུགས་བརྡར་གཅོད་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། དོན་རྐྱེན་གལ་ཆེན་གྱི་མངོན་མེད་ཉེན་ཁ་མེད་པར་བྱེད་དགོས་ལ། བདེ་བཇགས་ཚན་རྩལ་འདེགས་སྐྱོར་དང་བཟོ་སྐྲུན་བཅོས་སྐྱོང་བྱས་ཏེ། ལས་ཞུགས་མི་སྣའི་བདེ་འཇགས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་པ་དང་། བདེ་འཇགས་དོ་དམ་མ་ལག་འཛུགས་སྐྲུན་བྱས་ནས། གནད་འཁེལ་ཁྲིམས་བསྟར་དང་རོགས་སྐྱོར་བྱས་ནས། དམངས་ཡོངས་ཀྱི་བདེ་འཇགས་སྤུས་ཀ་མཐོར་འདེགས་སུ་བཏང་ནས། རྩ་བའི་བདེ་འཇགས་ཀྱི་ཆུ་ཚད་མཐོར་འདེགས་ཆེན་པོ་འབྱུང་པ་མངོན་འགྱུར་བྱ་དགོས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།