
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ3པའི་ཚེས1ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བར་བརྗེ་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་ཇུས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་གི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་རྒྱུན་མཐུད་ངང་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་གསུམ་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས།
གྲོས་ཚོགས་སྟེང་བསྟན་དོན། གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བར་བརྗེ་བའི་འགུལ་སྐྱོད་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། ཚོང་ར་གཙོར་འཛིན་ཞིང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྔོན་ཐོན་ལ་སྐུལ་མ་གཏོང་བ་དང་རྗེས་ལུས་འདོར་བ་རྒྱུན་འཁྱོངས་བྱེད་པ། ཚད་ལྡན་སྣེ་ཁྲིད་དང་གོ་རིམ་ལྡན་པར་མཐོར་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཇུས་གཞི་འཐུས་ཚང་དུ་གཏོང་བ་དམ་འཛིན་དང་སེམས་ཞིབ་མོས་ལག་བསྟར་སྒོས་སྔོན་ཐོན་གྱི་ཐོན་ནུས་བསྡུར་ཚད་བསྟུད་མར་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་ཞིང་སྤྱོད་ཡུན་རིང་བའི་འཛད་སྤྱོད་ཐོན་རྫས་སྔར་ལས་མང་བོ་སྡོད་དམངས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ནས། བྱ་བ་དེས་རྒྱ་ཆེའི་ཁེ་ལས་དང་མཛད་སྤྱོད་པར་ཕན་ཐོགས་སྔར་ལས་ཆེན་པོ་འབྱུང་བར་བྱེད་དགོས་། རིགས་སྣ་ཚོགས་ཀྱི་སྒྲིག་ཆས་དང་འཛད་སྤྱོད་ཐོན་རྫས་གསར་བསྒྱུར་བྱས་ནས་བར་ཁྱད་ཅན་གྱི་དགོས་མོར་ཟུང་འབྲེལ་བྱས་ཏེ། ནོར་སྲིད་ཁྲལ་དོན་དང་དངུལ་ལོར་སོགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོག་ནས་ནུས་ཟད་དང་དྲོད་འདོན། ལག་རྩལ་སོགས་ཚད་ལྡན་ཡིན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། གོ་རིམ་ལྡན་པར་ལས་རིགས་གཙོ་བོའི་སྒྲིག་ཆས་དང་བཟོ་བཀོད། གྲོང་སྲིད་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྒྲིག་ཆས་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས། ཞིང་ལས་འཕྲུལ་ཆས་རྙིང་བ། སློབ་གསོ་དང་སྨན་བཅོས་ཀྱི་སྒྲིག་ཆས་སོགས་གསར་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རླངས་འཁོར་དང་ཁྱིམ་ཆས་སོགས་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བར་བརྗེ་པའི་བྱ་འགུལ་ཧུར་ཐག་སྒོས་སྤེལ་ནས་གསར་བསྒྱུར་གྱི་གཞི་རྒྱའི་ནུས་པ་ཆགས་པར་བྱེད་དགོས་ཟེར།
གྲོས་ཚོགས་སྟེང་བསྟན་དོན། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རོགས་འདེགས་གལ་ཆེན་ཞིག་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གི་དགོས་མཁོ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་འཚམ་པར་བྱས་ཏེ། གཅིག་འདོམ་འཆར་འགོད་ལ་ཤུགས་སྣོན་དང་གོ་རིམ་ལྡན་པའི་སྐུལ་འདེད་ལ་མཐུན་སྦྱོར་བྱས་ཏེ། བར་སྟོང་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ཕྱོགས་བསྡུས་བྱེད་ནུས་མཐོར་འདེགས་བྱེད་པ། མ་ལག་གཅིག་འདུས་ལ་སྐུལ་འདེད་བཏང་སྟེ། སྔོན་ཐོན་བཀོལ་བདེ་དང་མ་ལག་འཐུས་ཚང་། ལེགས་བསྡུས་ནུས་མཐོ། བདེ་འཇགས་ལྷད་མེད་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་མྱུར་དུ་འཛུགས་དགོས་ཟེར།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འགག་དེ་གཉིས་ལ་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅོས་བསྒྱུར་དབང་སྩོལ་ལ་ཤུགས་སྣོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་གསར་གཏོད་ནུས་པ་དང་ཐོན་རྫས་འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་འཕར་བཅས་མཐོར་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྔོན་ལ་ལམ་འཚོལ་ཞིབ་བྱེད་པ་དང་སྣེ་ཁྲིད་དཔེ་སྟོན་བྱེད་པ། སྐུལ་ཁྲིད་ནུས་པ་བཅས་འདོན་སྤེལ་བྱེད་དགོས་ཟེར།
གྲོས་ཚོགས་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་གསུམ་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།
གྲོས་ཚོགས་སྟེང་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།