ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ2པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡུག་ཁི.ཏའོ་མཱ་ཧྲི་ལ་གློག་འཕྲིན་བཏང་ནས། ཁོ་ཧང་ག་རིའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཧང་ག་རིའི་བར་གྱི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་ཀའི་མཐོ་རིམ་བར་གྱི་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་ཡག་པོ་བྱུང་ཡོད། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་དེ་གོ་སྐབས་གསར་པར་འཕྲད་ཡོད། ངས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་ཧྲུའུ་ཡུག་ཁི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཧང་ག་རིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།