ཞི་ཅིན་ཕིང་གིས2024ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས་པར་མཛུབ་སྟོན་གལ་ཆེན་གནང་།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

2024ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ3པའི་ཚེས1ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་འཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་སྟོབས་ཤུགས་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུན་འཛིན་པ་ཡིན། སྐྱོད་ལམ་གསར་པའི་སྟེང་དུ་ན་གཞོན་ལས་བྱེད་པའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཧ་ཅང་ལྕི་ལ་ནུས་པ་ཆེན་པོ་བཏོན་ཆོག་པས། ངེས་པར་དུ་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱིས་བཅོལ་བའི་འགན་འཁྲི་ལྕི་མོ་མུ་ནས་མུ་རུ་འཛིན་སྤེལ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དད་མོས་པ་དང་ལག་བསྟར་པ་བྱེད་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ། བསམ་བློའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་ལ་སྟངས་འཛིན་ནན་མོ་བཅས་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་བཀོལ་སྤྱོད་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། རང་རྟོགས་སྒོས་ཏང་ལ་བློ་སེམས་དཀར་བའི་དཔེ་བཟང་ལག་བསྟར་མཁན་བྱས་ཏེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་ཆེར་གཏོང་རྒྱུའི་ཐད་ཤུགས་སྣོན་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། སྐད་ཆ་དྲང་བཤད་བྱེད་པ་དང་བྱ་བ་ནན་མོར་སྒྲུབ་པ། མི་དྲང་བོ་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། རང་རྟོགས་སྒོས་སྒེར་སེམས་སྤུ་ཙམ་ཡང་མེད་པར་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེགས་སྐྱེས་འབུལ་མཁན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གོ་གནས་མཐོ་ཤོས་སུ་འཇོག་རྒྱུ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་སྐྱོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཇེ་ཆེར་གཏོང་བ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས། རང་རྟོགས་སྒོས་་འགན་འཁུར་ཕོད་པར་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་མཁན་བྱས་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གསར་གཏོད་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། དཀའ་ངལ་ཁྱད་སེལ་དང་གནད་དོན་ལ་ཐད་ཀར་གདོང་གཏོད་པ། དཀའ་གནད་སེལ་སྐབས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། རང་རྟོགས་སྒོས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོར་སྐུལ་སྤེལ་ནུས་ལྡན་བྱེད་མཁན་བྱས་ཏེ། རང་ངོས་གསར་བརྗེ་ཡི་སྙིང་སྟོབས་མཐར་ཕྱིན་པར་དར་སྤེལ་གཏོང་བ་དང་། གྲོན་ཆུང་བབ་ཆགས་དང་ཁེངས་སྐྱུང་དམན་འཛིན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་མདངས་དུས་ནམ་ཡང་རྒྱུན་འཛིན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། རྒྱུན་འཛིན་བྱེད་མཁན་གྱི་རྩ་བའི་ཇུས་ཆེན་དམ་འཛིན་ཡག་པོ་བྱས་ཏེ། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སློབ་གསོར་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་ཕོད་ཅིང་བློ་གཏད་ཆོག་པའི་རྒྱུན་འཛིན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

འགོ་རྩོམ་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་རྩོམ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་།

ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གཟིགས་རྒྱང་རིང་བ་དང་། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་འབེན་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། དེ་ནི་ན་གཞོན་ལས་བྱེད་པས་འབད་འབུངས་ཡར་བརྩོན་སྒོས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བའི་བསམ་བློའི་སྐུལ་སློང་དང་། ན་གཞོན་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ལ། ན་གཞོན་ལས་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་སྟོན་བྱས་པ་ཞིག་ཡིན་པར་བརྟེན། ང་ཚོས་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཞེས་གསུངས།

ལིས་ཀན་ཅེ་ཡིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས་པ་དང་། ཅང་ཞིན་ཀྲི་དང་ཁྲིན་ཞི་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།