རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་འགོ་བརྩམས།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟླ3པའི་ཚེས1ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པའི་སྐོར་གྱི་གཏན་ཁེལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན་གྱི་མ་ཟིན་བཀོད་པའི་གནས་ཚུལ་སྐོར་གྱི་གསལ་བཤད་དང་འབྲེལ་ཡོད་བྱ་བའི་གསལ་བཤད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་ཨུ་ཡོན་ལྷན་ཁང་། མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི2023ལོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཏུང་ཧྥིན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གསལ་བཤད་བྱས། 

རིན་ཆེན་མཚོས་བསྒྱུར།