ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ2པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ནུས་ཁུངས་གསར་པའི་ལག་རྩལ་དང་རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས། ནུས་ཁུངས་བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ནུས་ཁུངས་གཙང་མ་འཕེལ་རྒྱས་གང་ལེགས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཡོངས་ཁྱབ་ཀྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ང་ཚོས་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་རང་རྒྱལ་གྱི་ནུས་ཁུངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་བདེ་འཇགས་ཡིན་ཞིང་བློ་གཏད་ཆོག་པའི་ནུས་ཁུངས་ཀྱི་འགན་ལེན་བྱས་ནས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ནུས་ཁུངས་གསར་པའི་གློག་ཤུགས་མ་ལག་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རིན་དང་དགེ་རྒན་ཆེན་མོ་ལིའུ་ཅི་ཀྲིན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བྱས་ནས་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ནུས་ཁུངས་གསར་པའི་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། ནུས་ཁུངས་འགན་ལེན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེ་དང་མཉམ་དུ་རང་རྒྱལ་གྱི་ནུས་ཁུངས་འཕེལ་རྒྱས་ལ་སྔར་བཞིན་དགོས་མཁོའི་གནོན་ཤུགས་ཧ་ཅང་ཆེ་བ་དང་མཁོ་སྤྲོད་ཀྱི་ཐད་དུ་ཚོད་འཛིན་ཅུང་མང་བ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལས་འགན་ཐད་དཀའ་ཚེགས་ཆེ་བ་སོགས་ཀྱི་འགྲན་སློང་རབ་དང་རིམ་པ་གནས་ཡོད་པ་ཅིས་ཀྱང་གསལ་བོར་ཤེས་དགོས། འགྲན་སློང་དེ་དག་ལ་ཁ་གཏད་འཇལ་བའི་ཐབས་ལམ་ནི་ནུས་ཁུངས་གསར་པ་འཕེལ་རྒྱས་ཆེན་པོ་གཏོང་རྒྱུ་དེ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་རང་རྒྱལ་ལ་རླུང་གློག་དང་འོད་ཤུགས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ནུས་ཁུངས་གསར་པའི་སྦས་ཤུགས་ཆེ་རུ་བསྐྱེད་དགོས། རྒྱུན་མཐུད་ངང་མཁྲེགས་གཏོར་དང་གསོག་འཇོག་བྱས་པ་བརྒྱུད། གཞི་ནས་རང་རྒྱལ་གྱི་ནུས་ཁུངས་གསར་པའི་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་གྱི་ཆུ་ཚད་འཛམ་གླིང་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས། འཛམ་གླིང་སྟེང་གི་དྭངས་གཙང་གློག་ཤུགས་མཁོ་འདོན་མ་ལག་ཆེ་ཤོས་བཙུགས་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་དང་ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཀྱིས་རྒྱལ་སྤྱིའི་ཁྲོམ་རའི་སྟེང་འགྲན་རྩོད་ནུས་པ་ཆེན་པོ་ཐོན་ཡོད་ལ། ནུས་ཁུངས་གསར་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ལྡན་པར་བརྟེན། དེང་སྐབས་རང་རྒྱལ་འདི་ཉིད་འཛམ་གླིང་གི་ནུས་ཁུངས་འཕེལ་རྒྱས་ཚུལ་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ནུས་ཁུངས་གསར་པའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས། སྔོན་ལ་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་དང་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་ཡག་པོ་བྱེད་པ། ནུས་ཁུངས་གསར་པ་དང་སྲོལ་རྒྱུན་ནུས་ཁུངས། ཁྱོན་ཡོངས་དང་ཆ་ཤས། སྲིད་གཞུང་དང་ཁྲོམ་ར། ནུས་ཁུངས་གསར་སྤེལ་དང་གྲོན་ཆུང་བེད་སྤྱོད་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ནུས་ཁུངས་གསར་པ་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འཛམ་གླིང་གི་ནུས་ཁུངས་ཚན་རྩལ་གྱི་འཕེལ་ཕྱོགས་ལ་དམིགས་གཏོད་བྱེད་པ་དང་། ནུས་ཁུངས་འགག་རྩའི་ཁྱབ་ཁོངས་དང་དགོས་མཁོ་གལ་ཆེན་ལ་དམ་པོར་དམིགས་པ། ལག་རྩལ་ལམ་ཕྱོགས་ལུགས་མཐུན་ངང་གདམ་ག་བྱེད་པ། རྒྱལ་ཁབ་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱེད་པ། འགག་གནད་དུ་གྱུར་པའི་ལག་རྩལ་མཉམ་འབྲེལ་མཁྲེགས་གཏོར་ལ་ཤུགས་སྣོན་པ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་པ་བཅས་བྱས་ནས། ནུས་ཁུངས་ལག་རྩལ་དང་འབྲེལ་ཡོད་ཐོན་ལས་དེ་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པའི་འཕར་གཞི་གསར་པ་ཞིག་ཏུ་སྐྱེད་སྲིང་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ནུས་ཁུངས་ཚུལ་སྒྱུར་གྱི་དགོས་མཁོ་དང་འཚམ་པར་བྱས་ནས། ནུས་ཁུངས་གསར་པའི་རྨང་གཞིའི་སྒྲིག་ཆས་དྲ་རྒྱ་སྔར་ལས་ཡག་པོར་བསྐྲུན་ཏེ། གློག་དྲའི་རྨང་གཞིའི་སྒྲིག་ཆས་རིག་ནུས་ཅན་གྱི་སྒྱུར་བཀོད་དང་རིག་ནུས་གློག་དྲ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ནུས་ཁུངས་གཙང་མ་གློག་དྲས་བསྡུ་ལེན་དང་བཀོད་སྒྲིག སྙོམས་སྒྲིག་བཅས་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། གློག་གསོག་རྨང་གཞིའི་སྒྲིག་ཆས་དྲ་བའི་མ་ལག་གང་མགྱོགས་ཀྱིས་འཛུགས་པ་དང་ནུས་ཁུངས་གསར་པའི་རླངས་འཁོར་མྱུར་དུ་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནུས་ཁུངས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ནུས་ཁུངས་གསར་པའི་ཐོན་ལས་ཕྲེང་འབྲེལ་མཉམ་ལས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་ལྗང་མདོག་དང་ཐཱན་ཉུང་ཚུལ་སྒྱུར་མཉམ་རྒྱལ་གྱི་རྣམ་པ་གསར་པ་བསྐྲུན་དགོས། རྒྱལ་སྤྱིའི་ནུས་ཁུངས་བཅོས་སྐྱོང་གི་འཕོ་འགྱུར་ཁྲོད་ཟབ་ཞུགས་བྱས་ཏེ། དྲང་གཞག་དྲང་བདེན་དང་དོ་སྙོམས་ཡོངས་ཕན་གྱི་འཛམ་གླིང་ཧྲིལ་པོའི་ནུས་ཁུངས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་དེང་སྐབས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་དགོས་ལ། རང་ཉིད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་དགོས་མཁོའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་དངུལ་གཏོང་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།