ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2024.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ཤིང་། ཆབ་སྲིད་ཐད་ནས་བལྟ་བ་དང་། ཆབ་སྲིད་ཐད་ནས་སྒྲུབ་པ། ཆབ་སྲིད་ཐད་ནས་བཅོས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་འཛིན་པའི་རང་རྟོགས་མཐོན་པོ་དང་ནོར་བ་བཅོས་སྒྱུར་གྱི་ལྷག་བསམ། དངོས་དམ་དངོས་སྒྱུར་གྱི་བྱེ་བྲག་གི་འགུལ་སྐྱོད་སྤེལ་ནས། ནན་མོ་དང་མགྱོགས་པོའི་སྒོ་ནས་གནད་དོན་དག་ཐེར་གྱིས་གྲུབ་འབྲས་དངོས་ལོན་པར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

འཚོ་བའི་བཙོག་ཆུ་གཙང་སྒྱུར་གྱི་ཞན་ཆ་མངོན་གསལ་ཡིན་ཞིང་། ཆུ་སྒམ་བཀང་བའི་གནད་དོན་འབུར་ཐོན་ཡིན་པ་ནི་ཐེངས་འདིར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བསྒྲགས་པའི་དཔེ་མཚོན་དཔེ་གཞིའི་གྲས་ཀྱི་གཅིག་ཡིན་པས། ཝུའུ་ཞའོ་ཅུན་ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་རྡལ་གྱི་སྲང་ལམ་ལྷོ་མ་རུ་སོང་ནས། གྲོང་རྡལ་གྱི་ཕྱིར་གཏོང་སྦུ་གུའི་བཟོ་བཀོད་རི་མོར་ཞིབ་ལྟ་བྱས་པར་མ་ཟད། ཆར་ཆུ་དང་བཙོག་ཆུའི་སྦུག་ལམ་སྣོལ་སྡེབ་བཅོས་སྒྲིག་དང་འཚོ་བའི་བཙོག་ཆུ་གཙང་སྒྱུར་གནས་ཚུལ་ཞིབ་ཏུ་དྲིས་ཤིང་།  མ་ལག་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་མི་འདང་སར་དམིགས་པ་དང་། ལས་འགན་གསལ་ཐོ་དང་དུས་ཚོད་རེའུ་མིག་ལྟར། གོ་རིམ་ཡོད་པའི་སྒོ་ནས་ཆར་ཆུ་དང་བཙོག་ཆུའི་སྦུག་ལམ་སྣོལ་སྡེབ་ཞིབ་བཤེར་དང་། དག་ཐེར། བཅོས་སྒྱུར་བཅས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ལ། བཙོག་ཆུ་སྡུད་ལེན་ཆ་ཚང་ཡིན་ཞིང་སྒྲིག་ཆས་འཁོར་སྐྱོད་ལེགས་པ། གཙང་སྒྱུར་ལས་ཕྱོད་མཐོ་བའི་བཙོག་ཆུ་གཙང་སྒྱུར་མ་ལག་མྱུར་དུ་གྲུབ་པར་བྱས་ནས། མི་མངོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་པ་གསལ་བོར་བསྟན།

ལྟ་ཞིབ་སྙན་ཞུ་ལས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་གི་རྫོང་མཁར་གད་སྙིགས་ར་བའི་ཤོང་ཚད་ཇུས་འགོད་ཤོང་ཚད་ཀྱི་ཆེས་མཐོ་ཤོས་སུ་སླེབས་ཀྱང་། བཀོལ་སྤྱོད་བྱེད་མཚམས་བཞག་རྗེས་ར་བ་འགོག་སྡོམ་བྱས་མེད། ཝུའུ་ཞའོ་ཅུན་ཡུལ་དངོས་སུ་སོང་ནས། འགོག་སྡོམ་ར་བའི་བཟོ་སྐྲུན་རྣམ་གྲངས་ལག་བསྟར་འཆར་གཞི་དང་། ལས་སྐྲུན་བཟོ་རྩལ། བཙག་འབྱེད་བཤེར་ཆུ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་བྲེལ་མྱུར་རང་བཞིན་དང་། སྒྲིག་བཤེར་ལས་ཡུན། འཆར་འགོད་བཟོ་སྐྲུན་བཅས་དངོས་སུ་ཤུགས་དྲག་ཏུ་བཏང་སྟེ། ཆ་རྐྱེན་མི་གླེང་བ་དང་། ཁ་གཡོར་ས་མི་བཙལ་བ། ཇི་མ་ཇི་བཞིན་གྱིས་སྒྲུབ་དགོས་ཤིང་། དུས་ཚོད་དམ་འཛིན་དང་འཕེལ་རིམ་ནན་འཛིན། སྤུས་ཚད་གཙིགས་འཛིན་བྱེད་པ།  ས་འོག་ཆུའི་སྦག་བཙོག་ཚོད་འཛིན་དང་། བཙག་འབྱེད་བཤེར་ཆུ་ཐག་གཅོད་བྱེད་པ། ལྗང་སྒྱུར་དང་ས་ཆུ་སྲུང་འཛིན་སོགས་ཀྱི་བཟོ་སྐྲུན་དངོས་སུ་ལེགས་པོར་སྒྲུབ་དགོས་ཤིང་།  འཚོ་བའི་གད་སྙིགས་གནོད་མེད་ཅན་གྱིས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས།  སྐྱེ་ཁམས་ཁོར་ཡུག་གི་མི་མངོན་པའི་འགོག་རྐྱེན་སེལ་ཐབས་བྱེད་དགོས་པ་ནན་བཤད་བྱས།

ཧུའུ་ཀྲུའུ་རྫོང་ནན་མིན་ཞ་ཡི་རིམ་པ་དང་པོའི་གློག་འདོན་ས་ཚུགས་སུ། ཝུའུ་ཞའོ་ཅུན་གྱིས་ཆུ་གློག་ས་ཚུགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མི་ལེགས་པའི་དཔེ་མཚོན་དཔེ་གཞིའི་དག་ཐེར་འཕེལ་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ས་ཚུགས་གཅིག་ལ་སྲིད་ཇུས་གཅིག་ལྟར་གནད་དོན་དག་ཐེར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། དག་ཐེར་གཙོ་གནད་འབུར་ཐོན་ཡོང་བར་བྱས་ཏེ། ལས་འགན་ཁག་བགོས་ཞིབ་ཚགས་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དཀྲི་བྱེད་པ། རེ་རེ་བཞིན་གནོད་ཤུགས་བརྒྱུད་སྤྲོད་བྱེད་དགོས་ཤིང་། ཁྲིམས་ལྟར་གོ་རིམ་ཡོད་པ་དང་། སྤུས་ཚད་གྲངས་འབོར་ལ་འགན་སྲུང་ཡོད་པའི་སྒོ་ནས་ཆུ་གློག་ས་ཚུགས་ཆུང་བའི་དག་ཐེར་གཙང་སེལ་བྱ་བ་ལེགས་འགྲུབ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་ཞན་ས་གསབ་སྟེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་ཚུལ་དག་ཐེར་དང་གཡོ་ཟོལ་དག་ཐེར་གཏན་འགོག་བྱས་ནས། མང་ཚོགས་དང་ལག་ལེན་གྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་པ་གསལ་བོར་བསྟན།

ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན་དང་། ལིའུ་ཐའོ་གཉིས་ཀྱིས་མཉམ་དུ་ལྟ་སྐུལ་རྟོག་ཞིབ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།