ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ཚོགས་ཀྱི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཟླ3པའི་ཚེས1ཉིན་པེ་ཅིང་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ཚོགས་ཀྱི་ལོ་འཁོར་གྱི་ཐུགས་རྗེ་ཞུ་བའི་དགོང་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་ད་ལོར་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་རྣམ་གཉིས་ཀྱིས་ཕན་ཚུན་བར་རྟེན་འབྲེལ་འཕྲིན་ཡིག་བཏང་ཡོད། ན་ནིང་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཁའི་ངང་མཇལ་འཕྲད་གནང་ནས་གྲུབ་པའི“ཅིག་ཅན་ཧྲན་གྱི་ཕུགས་འདུན”གྱིས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་གནང་ཡོད། དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་རྣལ་མ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱལ་ཁབ་གཉིས་ཀའི་བཟོ་ཚོང་ལས་རིགས་ནི་ཕྱོགས་གཉིས་ཀའི་མཉམ་ལས་ཁྲོད་དངོས་སུ་ཞུགས་མཁན་དང་བདེན་དཔང་བྱེད་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་ལ། མ་འོངས་པར་མཉམ་ལས་སྣེ་མང་གི་བར་སྟོང་བསྐྲུན་མཁན་ཡང་ཡིན་པས། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་མཛའ་མཐུན་དང་ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཉིས་ཕན་མཉམ་སྐྱོད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་ལྟོས་ཆེ་ཞེས་གསུངས།
ཧན་ཀྲིན་གྱིས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཆེ་ལ། མདུན་ལྗོངས་ཆེ་པོ་ལྡན་པས། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་ད་དུང་མུ་མཐུད་སྟོབས་ལྡན་དུ་འཕེལ་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྒོ་འབྱེད་དངོས་ཀྱི་ཁྲོད་ཐོབ་པ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་ཆོག་མིན་གྱི་བཀག་རྒྱ་གསལ་ཐོ་མུ་མཐུད་ཉུང་འཕྲི་བྱས་ཏེ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་ལ་འགན་སྲུང་ནན་མོ་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་བཅས་བྱས་ཏེ། ཨ་མེ་རི་ཁའི་ཁེ་ལས་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོ་རུ་འཕེལ་རྒྱས་གཏོང་རྒྱུར་གོ་སྐབས་སྔར་ལས་གང་མང་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་བར་སྟོང་ཧ་ཅང་ཡངས་པ། མདུན་ལམ་ཧ་ཅང་བཟང་བས། ཨ་མེ་རི་ཁའི་ཁེ་ལས་ཀྱི་གྲོགས་པོ་སྔར་ལས་མང་པོ་ཀྲུང་གོ་རུ་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བའི་རེ་ལྟོས་ཆེ་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།