
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས་པར་མཛུབ་སྟོན་གལ་ཆེན་གནང་ནས། ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་སྟོབས་ཤུགས་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུན་འཛིན་པ་ཡིན། སྐྱོད་ལམ་གསར་པའི་སྟེང་དུ་ན་གཞོན་ལས་བྱེད་པའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཧ་ཅང་ལྕི་ལ་ནུས་པ་ཆེན་པོ་བཏོན་ཆོག་པས། ངེས་པར་དུ་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱིས་བཅོལ་བའི་འགན་འཁྲི་ལྕི་མོ་མུ་ནས་མུ་རུ་འཛིན་སྤེལ་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེ་ལ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་དང་བླང་བྱར་ནང་དོན་ཟབ་མོ་ལྡན་པས། དེས་ན་གཞོན་ལས་བྱེད་པས་ཅིས་ཀྱང་སྒྲུབ་དགོས་པའི་དུས་རབས་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་གསལ་བཤད་གཏིང་ཟབ་གནང་ཡོད་ཅིང་། དེ་ནི་ཚང་མས་སྐྱོད་ལམ་གསར་པའི་སྟེང་འབད་པས་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་གཏོང་བའི་བསམ་བློའི་སྐུལ་སློང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན། ཚན་རིག་དང་མཐུན་པའི་མཛུབ་སྟོན་བཅས་ཡིན་པའི་ངོས་འཛིན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དད་མོས་པ་དང་ལག་བསྟར་པ་བྱེད་རྒྱུ་དང་ཏང་ལ་བློ་སེམས་དཀར་བའི་དཔེ་བཟང་ལག་བསྟར་མཁན་བྱེད་པ། སྒེར་སེམས་སྤུ་ཙམ་ཡང་མེད་པར་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེགས་སྐྱེས་འབུལ་མཁན་བྱེད་པ། འགན་འཁུར་ཕོད་པར་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་མཁན་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོར་སྐུལ་སྤེལ་ནུས་ལྡན་བྱེད་མཁན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི“རང་རྟོགས་ལྔའི”བླང་བྱས་ན་གཞོན་ལས་བྱེད་པར་རེ་བ་ཆེན་པོ་བཅོལ་ཡོད། མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་པ། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། དམངས་ལ་བརྩེ་བ་ཟབ་མོ་འཛིན་པ། རང་འགན་གཙང་སྒྲུབ་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བཅས་བྱས་ནས། བབ་བརླིང་ཞིབ་ཚགས་ཀྱི་སྒོ་ནས་ལས་དོན་དངོས་སྒྲུབ་བྱས་ཏེ། ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས་ཟེར།
ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ནས། དེའི་ཚན་རིག་གི་མ་ལག་དང་དོན་སྙིང་གཙོ་བོ། ལག་ལེན་བླང་བྱ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། བློ་སྟོབས་ཆེན་པོས་གོམ་སྟབས་བརྟན་པོ་སྤོས་ནས། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱིས་བཅོལ་བའི་འགན་འཁྲི་ལྕི་མོ་མུ་ནས་མུ་རུ་འཛིན་སྤེལ་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།