ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཞ་པ་ཚི་ཕ་ཁི་སི་ཐན་གྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།
2024.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ3པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་པ་ཚི·ཞེ་ལིས་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོ་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཙུང་ལི་ཞ་པ་ཚི་དང་ཕ་ཁི་སི་ཐན་གྱི་སྐབས་གསར་བའི་སྲིད་གཞུང་གི་འགོ་ཁྲིད་དང་ཕ་ཁི་སི་ཐན་གྱི་ལས་རིགས་སོ་སོའི་མཐུན་སྒྲིལ་འབད་བརྩོན་འོག་ཏུ། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་རྩེ་གཅིག་ཏུ་འབད་དེ། དེ་བསྟུན་གྱི་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ཐོབ་ངེས་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀས་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་རིམ་སྤོར་པར་གཞི་མཉམ་སྐྲུན་བྱེད་པ། རྒྱལ་ཁབ་གཉིས་ཀའི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ། དུས་རབས་གསར་བའི་ནང་སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཙུང་ལི་ཞ་པ་ཚི་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།