ཟླ3པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཞི་ཧྥུའུ·ཀྲར་ཏཱ་ལིས་ལ་གློག་འཕྲིན་བཏང་ནས། ཁོ་ཕ་ཁི་སི་ཐན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ། ཕུ་ནུ་བཟང་པོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ཟོལ་མེད་ནི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀས་མཐོ་རིམ་བར་གྱི་བརྗེ་རེས་ཟབ་མོ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་བར་ཁྱམས་བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་དོན་སྙིང་སྔར་ལས་འབུར་ཐོན་ཡོང་བར་བྱས། ངས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་ཀྲར་ཏཱ་ལིས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ནང་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།