ཟླ3པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་བྱ་བ་གཙོ་བོའི་ལས་བགོས་ཇུས་གཞི》དང《2024ལོ་ནས2030ལོ་བར་གྱི་རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ཇུས་གཞི》།《ཚད་གཞི་རིམ་སྤོར་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པའི་བྱ་བའི་ཇུས་གཞི》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འོས་འགན་སློབ་གསོ་སྤུས་དག་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་ཀྱི་སྙན་ཞུར་ཉན་པར་མ་ཟད། 《དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་སྲོལ་ཡིག་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། གྲོལ་མ་ཐག་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི། 《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་དུ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱས་ཡོད། སྡེ་ཁག་དང་ལས་ཁུངས་སོ་སོས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་ཆེ་རུ་བཏང་ནས། “སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་ཏན་ཏིག་ངང་བསྒྱུར་ཏེ། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས། ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་སྔར་ལས་ཇེ་ཆེར་བཏང་སྟེ། ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཟོས་ནས་གཙོ་གནད་ལས་དོན་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁྲི་དེ་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་དང་སྲིད་ཇུས་བྱེད་ཐབས་ཀྱི་སྟེང་ནས་དོན་འཁྱོལ་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། སྣེ་ཁྲིད་སྡེ་ཁག་གིས་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པ་དང་། ཟབ་ཞུགས་སྡེ་ཁག་གིས་གཞོགས་འདེགས་དང་རྒྱབ་སྐྱོར་དམ་ཟབ་བྱས་ཏེ། སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་རྒྱུ་དང་མཉམ་ཤུགས་གྲུབ་པར་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ནས་རྒྱུན་ལྡན་གྱི་བཀོད་གཏོང་ལ་ཤུགས་སྣོན་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཕྱོགས་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་གྱི་ལས་ཆོད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི་དོན་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་རྒྱུར་སྐུལ་འདེད་ནན་མོ་གཏོང་བ། འབྲུ་རིགས་ཀྱི་རིགས་དགར་ནས་ཐོན་འབབ་འཕར་སྣོན་ཡོང་བར་བྱེད་པའི་ལས་འགན་དང་ས་ཁོངས་དབྱེ་ནས་ཐོན་འབབ་འཕར་སྣོན་ཡོང་བར་བཀོད་ཁྱབ་སྔར་ལས་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་འདེབས་འཛུགས་ལས་རིགས་དར་རྒྱས་སོགས་འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཇུས་འགོད་བྱས་ནས་ལག་བསྟར་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་མོ་བཅས་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཚད་གཞི་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་སྐོང་རྒྱུ་དང་ཐོན་ལས་ཚུལ་སྒྱུར་ལ་རོགས་སྐྱོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། ཚད་གཞིའི་ལམ་ལུགས་ཀྱི་བཟོ་བཅོས་ལས་དོན་ལ་མྱུར་དུ་སྐུལ་འདེད་བཏང་ནས། ཁེ་ལས་དང་འཛད་སྤྱོད་པ་སོགས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ། འཕྲལ་སྤྱོད་སྔོན་སྤེལ་རྒྱུན་འཁྱོངས་སྒོས་གནད་ཁེལ་འཐུས་ཚང་གི་ལས་གཞི་ཞིག་དུས་ཐོག་ཏུ་འདོན་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་ཚད་སོ་སོ་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་ཇེ་མཐོར་གཏོང་རྒྱུ་དེ་བྱ་བ་གཙོ་བོར་བཟུང་ནས། ས་ཁོངས་དང་གྲོང་ཁྱེར། གྲོང་གསེབ། སློབ་གྲྭ། ཚོགས་སྤྱི་བཅས་ཀྱི་སློབ་གསོའི་ཧེ་བག་སྔར་ལས་ཇེ་ཆུང་དུ་བཏང་སྟེ། སྔར་ལས་དྲང་གཞག་དང་སྔར་ལས་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་ཡག་པོར་གཉེར་དགོས། མི་འབོར་འགྱུར་ལྡོག་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་དང་འཚམ་པར་བྱས་ཏེ། འོས་འགན་སློབ་གསོའི་དགོས་མཁོའི་འགྱུར་ལྡོག་ལ་སྔོན་དཔག་དང་བརྡར་ཤ་གཅོད་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་སྟབས་བསྟུན་རང་བཞིན་དང་འཚམ་ཤུགས་ཇེ་ཆེར་གཏོང་བ། ནོར་སྲིད་རང་བཞིན་གྱི་འོས་འགན་སློབ་གསོའི་གྲོན་དངུལ་ལྷུ་ཚིགས་ཞན་སར་ཕྱོགས་ཚད་ཇེ་ཆེར་གཏོང་བ། འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་པ་བཅས་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ལས་དོན་ཡག་པོར་སྒྲུབ་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལས་དོན་དང་འབྲེལ་བ་ཡོད། ཚོགས་ཐོག་ནས《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས། གཏན་འབེབས་ཀྱི་བླང་བྱ་དང་ཚད་གཞི་ལྟར་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།