མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2024.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ3པའི་ཚེས13ཉིན།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཅིན་ཀྲེ་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་སྟེང་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། འགན་སྒྲུབ་ཁག་ཁུར་དང་། ཁག་ཁུར་ལས་སྒྲུབ་བྱས་པས། བརྗོད་དོན་སློབ་གསོར་ཕན་འབྲས་ལྡན་ལ། གཙོ་གནད་བྱ་བར་ཐོལ་བརྒལ་ཡོད་པ་དང་། ཁྱད་ལྡན་བྱ་བར་གསར་གཏོད་ཡོད་ཅིང་། ཡོམ་འགོག་རྒུད་སྐྱོབ་ལ་བྱས་རྗེས་བཞག་ཡོད་པས། བྱ་བ་ཁག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་བབ་གསར་བ་མངོན་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་རྩོམ་པའི་ལོ་ཞིག་ཡིན།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་བ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་ལ་བཏོན་པའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།  སྲུང་སྐྱོང་གཉིས་ལ་དམ་པོར་དམིགས་ཏེ། བཟོ་ཚོགས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་དམིགས་ནས། ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།  བཟོ་བའི་ལས་འགུལ་དུས་རབས་ཀྱི་བརྗོད་དོན་དམ་དུ་བཟུང་སྟེ། དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།  གཞི་རྩའི་ལས་འགན་ལ་དམིགས་ནས། འགན་སྲུང་ཞབས་ཞུ་བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།  ནུས་གསུམ་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། རྒྱུན་ཆད་མེད་པར་བཟོ་ཚོགས་བཅོས་བསྒྱུར་དང་འཛུགས་སྐྲུན་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།

ལྷ་མོ་འཚོས་བསྒྱུར།