རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ3པའི་ཚེས14ཉིན་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆུ་བེད་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རང་རྒྱལ་གྱི་ཆུའི་བདེ་འཇགས་འགན་ལེན་གྱི་འཕེལ་རིམ་ཕན་འབྲས་ངོ་སྤྲོད་བྱས།
ལོ་བཅུའི་རིང་ལ། རང་རྒྱལ་གྱིས་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་བ་དང་། ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲག་ཁྲིག་གཅིག་ཐེར་ཆེན་དྲུག་ཐེར་འབུམ་གསུམ་དུང་ཕྱུར་གཉིས་ཇེ་མང་དུ་བཏང་ཡོད་ལ། རིམ་པ་ལྔ་བ་ཡན་གྱི་ཆུ་རགས་སྤྱི་ལེ་ཁྲི་དྲུག་ལྷག་གསར་སྣོན་བྱས་ཡོད།
ལོ་བཅུའི་རིང་ལ། རང་རྒྱལ་གྱིས་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་བའི་དབང་གིས། ཞིང་ལ་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་གསུམ་དང་བྱེ་བ་དྲུག་གསར་སྣོན་སླར་གསོ་བྱས་ཡོད་ཅིང་། ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཞིང་ལ་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡིས་ཇེ་མང་དུ་ཕྱིན་ཡོད་ལ། རྨོ་ཞིང་ལ་ཆུ་འདྲེན་ཚད་བརྒྱ་ཆའི་ང་ལྔ་ཟིན་ཡོད། འབྲུ་རིགས་སྤྱིའི་ཐོན་འབབ་བརྟན་པོའི་ངང་འཕར་བའི་སྔོན་འགྲོའི་འོག་ཏུ། རྒྱལ་ཡོངས་ཀྱི་ཞིང་ལས་ཆུ་འདྲེན་ཐད་བཀོལ་བའི་ཆུའི་བསྡོམས་འབོར་ལ་འཕར་སྣོན་བྱུང་མེད།
ལོ་བཅུའི་རིང་ལ། རང་རྒྱལ་གྱིས་ཆུའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། རྒྱལ་ཁབ་ཀྱི་ཆུའི་དྲ་རྒྱ་བསྐྲུན་ཚད་སྔར་ལས་མགྱོགས་སུ་བཏང་། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་བསྐྲུན་པའི་ཚུན་ལ། བསྡོམས་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་དང་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་ལས་བརྒལ་ཏེ། མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་ལ་ཐད་ཀར་ཕན་པ་བསྐྲུན་ཡོད།
མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཅིག་གི་ཞིང་ཆེན་རིམ་པའི་ཆུའི་དྲ་རྒྱ་འཛུགས་སྐྲུན་འཆར་འགོད་པར་འགྲེམས་ལག་བསྟར་བྱས་པ་དང་། ཆུ་བེད་པུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་རིམ་པ་སོ་སོའི་ཆུའི་དྲ་རྒྱའི་སྔོན་ཁྲིད་ཁུལ་དངོས་སུ་བསྐྲུན་མགོ་བརྩམས་ཡོད་ལ། སྔོན་ཁྲིད་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པར་བརྟེན་ནས། རིམ་པ་སོ་སོའི་ཆུའི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དང་ཕན་ཚུན་འབྲེལ་མཐུད་ཀྱི་རྒྱལ་ཁབ་ཆུ་དྲའི་མ་ལག་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།