མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས།
2024.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ3པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་ཁྲིད་དཔྱོད་པུའུ་ཡི་ཀྲུའུ་རིན། དགེ་རྒན་ཆེན་མོ་མཱ་མེན་ཀྲུང་གིས་ཆེད་དོན་ཟུར་ཁྲིད་བྱས།

སྙན་ཞུ་ཚོགས་འདུའི་སྟེང་། མཱ་མེན་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་གླེང་གཞིར་བྱས་ཏེ། དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གཙོ་བོ། ལག་ལེན་རེ་བ་བཅས་ཕྱོགས་གསུམ་ནས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གཙོ་བོ། བྱ་བའི་གཙོ་སྙིང་། ལམ་ལུགས་འགན་སྲུང་། མངོན་འགྱུར་བྱེད་ཐབས། དེ་མིན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་དང་མི་རིགས་བྱ་བའི་བྱེད་ཐབས་རྒྱས་བཤད་གསལ་བོ་བྱས། ཟུར་ཁྲིད་དེ་གཏིང་ཟབ་ཅིང་གོ་བདེ་བ་དང་གོ་རིམ་ལྡན་ལ། གཞུང་ལུགས་འཆད་ཁྲིད་བྱས་པ་གཏིང་ཟབ་ལ་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཡོད་པས། ཏང་གི་མི་རིགས་གཞུང་ལུགས་ཐད་ཀྱི་གཟབ་ནན་གྱི་སློབ་ཁྲིད་ཅིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ལག་ལེན་ཐད་ཀྱི་གསོན་ཉམས་ལྡན་པའི་སློབ་ཁྲིད་ཅིག་ཡིན་ལ། ཚོགས་ཞུགས་མི་སྣ་ཚང་མར་ཕན་ཐོགས་མི་ཉུང་བ་ཐོབ་ཡོད།

ཆེད་དོན་ཟུར་ཁྲིད་རྗེས་སུ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ལས་ཁུངས་ཀྱི་ཏང་ཨུའི་ཆེད་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་ཁྲའོ་ཡུང་ཏི་ཡིས་བསྟན་དོན། མཚོ་སྔོན་གྱི་མཛེས་སྡུག་གི་ས་ཁོངས་འདིར་འཚོ་བ་རོལ་ན། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཧུར་ཐག་སྒོས་མི་རིགས་བྱ་བའི་ནུས་པ་མཐོར་འདེགས་བྱས་ཤིང་། མང་ཚོགས་ལ་ཞབས་འདེགས་ཞུ་བར་རྩེ་གཅིག་ཏུ་གཞོལ་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དོན་དག་བཟང་བོར་སྒྲུབ་སྟེ། ཏང་གི་སྲིད་ཇུས་བཟང་བོ་དང་ལམ་ལུགས་བཟང་བོ་དཔྱིད་ཀྱི་སྦྲང་ཆར་བསིལ་མར་བསྒྱུར་ནས། རིགས་སོ་སོའི་མི་དམངས་ཀྱི་ཡིད་ཀྱི་ཞིང་ས་བརླན་པར་བྱེད་དགོས་ལ། རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་རྟོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ནས། ཕན་ཚུན་རོགས་རེས་དང་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས་མཉམ་འཛུགས་བྱེད་དགོས་ཟེར།

ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་རྩ་འཛུགས་ཀྱི་འགན་ཁུར་པ་མི་སུམ་བརྒྱ་ལྷག་གིས་སྙན་ཞུར་ཉན།


བསོད་ནམས་ཚེ་རིང་གིས་བསྒྱུར།