ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ3པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་རིག་སྟོབས་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་སྣ་ཚོགས་སྟེང་གཅིག་ཏུ་བསྡུ་བ། འགན་འཁྲི་དང་ཁག་ཁུར་ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྟེང་མངོན་པར་བྱས་ནས། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་བསྟན་དོན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། བདེན་འཛིན་དངོས་གཉེར་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས། ང་ཚོ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན། རྒྱལ་ཡོངས་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་གིས་ལག་བསྟར་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་སྣ་ཚོགས་ཀྱིས་བཏོན་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་པ་བཞིའི་བླང་བྱ་ལག་བསྟར་བྱེད་པ། བྱ་བའི་གཙོ་གནད་དང་དཀའ་གནད་ལ་ཁ་གཏད་དེ། ཡུལ་དངོས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ཁ་གཏད་གྲོས་གཞི་འདོན་པ། བྱེད་ཐབས་བཟང་བོ་སྤྱད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པས། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚད་གཞིར་བཟུང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་དགོས། རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། བྱ་བ་ཅི་ཞིག་བསྒྲུབ་ན་ཡང་སྐྱེ་ཁམས་ཀྱི་ཐིག་ཤིང་གིས་ཚད་འཇལ་བ་དང་། དུས་ནམ་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོར་འཛིན་དགོས། སྤྱོད་ཚུལ་འཛུགས་སྐྲུན་ཟབ་མོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཏེ། ཆོད་སེམས་མི་འགྱུར་བ་དང་ནུས་ཤུགས་མི་འགྱུར་བ། ཚད་གཞི་མི་འགྱུར་བར་བྱེད་དགོས། བརྟན་འཇགས་སྲུང་སྐྱོབ་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། གཞི་རིམ་གྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་ནས། ཚད་མཐའ་བརྟན་སྲུང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ། ས་བབ་དང་བསྟུན་ནས་གཙོ་རྒོལ་ཁ་ཕྱོགས་དང་ཤུགས་འདོན་ས་འཚོལ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། “རི་གཉིས”བསྒྱུར་སྤོར་ལ་ཕན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་གྲུབ་པར་བྱེད་དགོས། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ་དང་། དམངས་ཚིས་དོན་དངོས་ཀྱི་ལས་གཞི་དམ་འཛིན་བྱེད་པ། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་པ། དམངས་ཚིས་ལ་ཕན་འདོགས་པ་དང་དམངས་སེམས་དྲོ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་མང་ཚོགས་ཀྱི་སེམས་འདུན་དང་མཐུན་པར་སྒྲུབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་ལ་དྲིན་ལན་འཇལ་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པ། 2024ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་མཛད་སྒོ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱེད་པ་དང་། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་དང་གདང་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཚོང་ར་འཕེལ་རྒྱས་སུ་གཏོང་བ། དངོས་སྐྱེལ་མཛོད་གསོག་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། དངོས་སྐྱེལ་ལས་རིགས་ཀྱི་མ་རྩ་ཇེ་དམའ་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མཚོ་སྔོན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་གྲུབ་པར་བྱེད་པའི་ཐབས་ཤེས་གལ་ཆེན་དུ་བརྩི་བ་དང་། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གཞི་གཅིག་ཅན་གྱི་སྐུལ་སྤེལ་རྣམ་པ་མྱུར་དུ་གྲུབ་པར་བྱས་ཏེ། དག་གཙང་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དད་མོས་རྨང་གཞི་རུ་བྱེད་པ་དང་། བློ་དཀར་བ་བླ་སྲོག་ཏུ་བརྩི་བ། མི་དམངས་གཞི་རྩ་རུ་འཛིན་པ། ཁག་ཁུར་གཙོར་འཛིན་པ། སྤྱོད་གཙང་དཔེ་གཞི་རུ་འཛིན་པ་བཅས་བྱས་ནས། རང་རྟོགས་ལྔ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་གཟབ་ནན་དང་ཏན་ཏིག་གིས་ལག་བསྟར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ཏང་འཛུགས་དམ་འཛིན་བྱེད་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་གྲུབ་འབྲས་སུ་བརྩི་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་བྱ་བ་སྣ་ཚོགས་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལྟ་སྐུལ་དང་དག་ཐེར་ལེགས་བཅོས། བཅོས་སྐྱོང་བཅས་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྐོར་ཞིབ་སྐོར་གཟིགས་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།