ཀྲའོ་ལི་ཅི་ཡིས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་མཇལ་འཕྲད་གནང་།
2024.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ3ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་ཨན་ནི་ལྷག་བསམ་ཟོལ་མེད་ཀྱི་ཕུ་ནུ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་འབད་འདོད་ཡོད། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨན་ཀོ་ལ་རྒྱལ་དམངས་གྲོས་ཚོགས་དང་མཉམ་དུ། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀའི་མཛའ་མཐུན་ཚན་ཆུང་། འཐུས་མི། གྲོས་མི་བཅས་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་བཅའ་ཁྲིམས་ཀྱི་སྟེང་ནས་འགན་སྲུང་བྱེད་འདོད་ཡོད་ཅེས་གསུངས།  ཀྲའོ་ལི་ཅི་ཡིས་ད་དུང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ལའོ་ལུན་སའོ་ཡིས་ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་དགའ་བསུ་ཞུ་རྒྱུ་དང་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཐའེ་ཝན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པར་མ་ཟད། ཀྲུང་གོས་ཨན་ཀོ་ལར་ཡུན་རིང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་བར་ཁྲིམས་འཛུགས་སྒྲིག་གཞི་ཚུད་པའི་ཕྱོགས་མང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།