མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.03.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས། ང་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་ནམ་ཡང་མདུན་དུ་བསྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་དང་གཞི་གྲངས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ཇུས་འགོད་བཟང་བོ་བྱས་ཏེ། གྲུབ་འབྲས་སྔར་ལས་ཆེན་པོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་ཁྲོད་བཏོན་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔོན་དཔག་དམིགས་འབེན་དང་སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲིའི་གསལ་ཁྲ་ཇེ་ཞིབ་ཏུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། བྱེད་ཐབས་སྔར་ལས་བཟང་བོས་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་ཐད་ཤུགས་སྣོན་པ་དང་། འགོ་ཁྲིད་ཀྱིས་འགན་ལེན་མཉམ་འབྲེལ་བྱེད་པ་དང་དུས་བཀག་ལྟར་བཀོད་གཏོང་བྱེད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་ལ་ཤུགས་བསྣན་ནས། སྟོབས་ཤུགས་སྔར་ལས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྲིད་འཛིན་འགན་ནུས་ལེགས་བསྒྱུར་དང་སྲིད་འཛིན་ཕན་ནུས་མཐོར་འདེགས་གཏོང་བ་དང་། སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། རེ་བ་སྔར་ལས་མཐོན་པོས་སྲིད་གཞུང་བྱ་བའི་སྤུས་འབྲས་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པ། 2024ལོའི་དཔྱིད་དུས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་རྩོམ་པའི་སྐབས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་ཐོན་རྫས་གསར་རྙིང་བརྗེ་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། དངོས་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་བའི་འགུལ་སྐྱོད་དང་ཞིང་སྡེའི་དངོས་སྐྱེལ་གྱི་སྡེ་བ་གཅིག་ལ་ས་ཚིགས་གཅིག་གི་བཟོ་སྐྲུན་ལག་བསྟར་བྱེད་པ། དངུལ་གཏོང་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཁོར་རྒྱུག་གི་ལས་ཆོད་མཐོར་འདེགས་གཏོང་དགོས། དག་གཙང་ནུས་ཁུངས་ཀྱི་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་འཛུགས་པ་དང་། ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས། ལྗང་མདོག་དངུལ་རྩ་དམ་འཛིན་བྱེད་པར་གཅིག་འདོམས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་པ་དང་སྐུལ་འདེད་གཏོང་དགོས། འགོ་ཁྲིད་དེ་རང་རྟོགས་ལྔའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བ། ནུས་པ་མཐོར་འདེགས་གཏོང་བར་ཤུགས་སྣོན་པ། བཅོས་བསྒྱུར་གསར་གཏོད་བྱས་ཏེ། བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།

ཚོགས་ཐོག་ནས་ཟླ2ཚེས23ཉིན་དང་ཟླ3ཚེས1ཉིན། ཟླ3ཚེས12ཉིན་བཅས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཟླ་དང་པོ་ནས་ཟླ་གཉིས་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་ཡོངས་ལ་ཆ་རྒྱུས་ཡོད་པའི་འགུལ་སྐྱོད་ནུས་ཤུགས་སུ་བསྒྱུར་བ། དཔལ་འབྱོར་འཁོར་རྒྱུག་གི་དབྱེ་ཞིབ་ཞིབ་གཅོད་ལ་ཤུགས་སྣོན་པ། སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་བརྟན་འཇགས་སུ་གཏོང་བ་དང་དངུལ་གཏོང་རྒྱ་སྐྱེད་པ། སྟོབས་ཤུགས་ཡོད་རྒུས་བཟོ་ལས་བརྟན་འཇགས་ངང་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་ཞབས་ཞུའི་ལས་རིགས་ཅུང་མགྱོགས་པའི་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་མི་སྣར་ཐུག་འཕྲད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་དང་པུའུ་ཡི་མཉམ་འཛུགས་དང་འཐབ་ཇུས་མཉམ་ལས་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། རང་འགུལ་གྱིས་སྙན་ཞུ་སྦྲེལ་མཐུད་བྱེད་པ། ཐུག་འཕྲད་ཀྱི་དོན་བྱ་རྗེས་འདེད་ལག་བསྟར་བྱེད་པ། བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།