ཟླ3ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དྲུག་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ།《ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་དུས་རྣམ་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐར་ཕྱིན་པར་སྤེལ་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་ཐུབ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་ལོ་ངོ་བཅུ་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་ནན་མོ་བྱས་ཏེ། ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་པའི་ཐད་བླང་བྱ་སྔར་ལས་ཆེན་པོ་བཏོན་ཡོད་ཅིང་། འདི་ནི་ང་ཚོའི་ཏང་གིས་རང་ཉིད་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ཕྲག་ཏུ་བབས་པའི་འགན་འཁྲི་དང་ལས་འགན། མིག་མདུན་དུ་གནས་པའི་རྙོག་འཛིང་ཆེ་བའི་ཁོར་ཡུག་བཅས་ནས་མགོ་བརྩམས་ཏེ། ཏང་གི་རྩ་བའི་ངོ་བོ་དང་ཏང་གི་གནས་ཚུལ་འཕེལ་རྒྱས་དང་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་བརྗོད་གཞི་གལ་ཆེན་གསར་པ་བཏོན་པ་ཞིག་ཡིན།
རྩོམ་ཡིག་ལས་བསྟན་དོན། རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཀྱི་མཛུབ་སྟོན་འོག་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་བཙུགས་པའི་འཛམ་གླིང་སྟེང་གི་སྲིད་ཏང་ཆེ་ཤོས་ཤིག་ཡིན་པ་དང་།འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བོའི་རྒྱལ་ཁབ་ཅིག་ཏུ་ཡུན་རིང་སྲིད་འཛིན་བྱས་པའི་དབང་གིས། ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་གྲངས་མང་བ། གཞི་ཁྱོན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། དོན་ཆེན་སྒྲུབ་པ་དང་བྱ་གཞག་རླབས་ཆེན་བསྐྲུན་པར་དེ་བསྟུན་གྱི་དགེ་མཚན་ཆེན་པོ་ལྡན་ལ། ཏང་སྐྱོང་རྒྱལ་སྐྱོང་གི་ཐད་དམིགས་བསལ་ཀྱི་དཀའ་གནད་ཀྱང་གནས་ཡོད། མ་མཐར་ཡང་གཤམ་གསལ་གྱི་དཀའ་གནད་ཆེན་པོ་འགའ་ཐག་གཅོད་བྱ་རྒྱུར་སྔར་ལས་ཞིབ་འཇུག་བྱེད་དགོས་པ་སྟེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཇི་ལྟར་བྱས་ན་གཞི་ནས་དུས་རྣམ་ཀུན་ཏུ་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་ཐུབ་པར་འབད་རྒྱུ་དང་། ཇི་ལྟར་བྱས་ན་གཞི་ནས་དུས་རྣམ་ཀུན་ཏུ་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཐུབ་པ། ཇི་ལྟར་བྱས་ན་གཞི་ནས་དུས་རྣམ་ཀུན་ཏུ་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཐུབ་པ། ཇི་ལྟར་བྱས་ན་གཞི་ནས་དུས་རྣམ་ཀུན་ཏུ་རང་ངོས་ཀྱི་གནད་དོན་དུས་ལྟར་ཚོར་རྒྱུ་དང་དེ་ཐག་གཅོད་བྱེད་ཐུབ་པ། ཇི་ལྟར་བྱས་ན་གཞི་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་དུས་རྣམ་ཀུན་ཏུ་རྒྱུན་འཁྱོངས་བྱེད་ཐུབ་པ་བཅས་ཀྱི་དཀའ་གནད་ཐག་གཅོད་ཡག་པོ་བྱ་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཏང་གིས་ངེས་པར་དུ་མཁྲེགས་གཏོར་བྱེད་དགོས་པའི་དཀའ་གནད་ཅིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གནས་བབ་གསར་པ་དང་བླང་བྱ་གསར་པར་འཚམ་པར་བྱེད་རྒྱུ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་ཀྱང་ཡིན། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་ལ། དེས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་དུས་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་དེ་དུས་ནམ་ཡང་ལམ་དུ་གནས་པ་གཏན་འཁེལ་བྱས་ཡོད། ང་ཚོས་ངེས་པར་དུ་ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ནས་བསྡད་དེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཏང་གི་ཡུན་རིང་འཐབ་ཇུས་དང་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ནས། དུས་རྣམ་ཀུན་ཏུ་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། དུས་ནམ་ཡང་གདོང་མཆོང་དུང་བརྡ་རྒྱག་པ་བཅས་བྱས་ཏེ། སྤྱོད་ལམ་ནན་མོ་དང་བྱེད་ཐབས་ཞིབ་མོ། རྒྱུན་རྣམ་ཞིབ་ཚགས་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ནས། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐའ་གཅིག་ཏུ་སྤེལ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།