ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ། ཟི་ལིང་སྒོ་གཅན་ལས་ཁུངས་བཅས་ལ་རྟོག་ཞིབ་བྱེད་དུ་སོང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཤིང་། ཏང་ཀྲུང་དབྱང་གི་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་དམིགས་འབེན་ལས་འགན་དང་བཀོད་སྒྲིག་རེ་བ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་རེ་བ་དངོས་འབེབས་བྱས་ཏེ། རང་རང་གི་འགན་འཁྲིའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་ཚོང་དོན་ཐིན་དུ་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁྲུའུ་དང་ཚོང་རའི་འཁོར་རྒྱུག་མཐུན་སྦྱོར་ཁྲུའུ་ཡི་ལས་བྱེད་པ་དང་ལས་བཟོ་བར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས།
ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་ནས་ཁྲིན་ཀང་ཕྱི་འབྲེལ་དོ་དམ་ཁྲུའུ་དང་རྒྱལ་སྤྱིའི་བརྗེ་རེས་ཁྲུའུ། ཕྱི་དོན་ཞབས་ཞུའི་ཚོམས་ཆེན་བཅས་སུ་སོང་ནས། རང་ཞིང་གི་ཕྱི་དོན་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཁྲལ་དོན་ཅུའུ་ལ་སོང་ནས་ཁྲིན་ཀང་གིས་ནན་ཏན་གྱིས་མཚོ་སྔོན་ཁྲལ་བསྡུའི་གཞི་གྲངས་སྟེགས་བུ་དང་ཁྲལ་བསྡུའི་གཞི་གྲངས་ཆེན་མོའི་བཀོལ་སྤྱོད་གནས་ཚུལ་འཚམས་སྦྱོར་ལ་ཉན་པར་མ་ཟད། དངོས་ཟོང་དང་ངལ་རྩོལ་ཁྲལ་དོན་ཁྲུའུ་དང་འཆར་འགོད་ཞིབ་རྩིས་ཁྲུའུ་རུ་རྟོག་ཞིབ་བྱས་ནས། ཁྲལ་དོན་ཁོངས་གཏོགས་ཀྱི་འཇོན་མི་དང་བརྡ་འཕྲིན། གཞི་གྲངས་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲལ་བསྡུའི་གཞི་གྲངས་ཆེན་མོའི་དབྱེ་ཞིབ་བྱ་བ་བཟང་བོར་བསྒྲུབས་ནས། ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་ཐད་གཞི་གྲངས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས་ཟེར།
ཟི་ལིང་སྒོ་གཅལ་ལས་ཁུངས་སུ་ཁྲིན་ཀང་ལྟ་ཞིབ་བཀོད་འདོམ་ལྟེ་གནས་དང་ཕྱོགས་བསྡུས་བྱེད་སྒོའི་ཁྲུའུ་དང་པོ། སྲོག་ཆགས་དང་སྐྱེ་དངོས། ཟས་རིགས་བཅས་ཀྱི་རིམས་ནད་ཞིབ་བཤེར་ཁྲུའུ་བཅས་ལ་སོང་ནས། འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐུགས་ཁུར་རྒྱབ་སྐྱོར་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་འོག མཚོ་སྔོན་གྱིས་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་བསུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། ཡང་དག་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་སྤེལ་གཏོང་བ་བཅས་ཀྱི་བརྩེ་བ་རྣལ་མས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གནད་དུ་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་ལྷད་མེད་རྩིས་ལེན་འདུས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཁྲོད་ནས་དམངས་འཚོའི་འགན་སྲུང་ཆུ་ཚད་གཏན་འཇགས་ངང་མཐོར་འདེགས་བྱས་ནས། ཧུར་ཐག་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་འབྲི་བཞེངས་མཛད་པའི་རླབས་ཆེན་ཇུས་གཞི་དེ་མཛེས་སྡུག་གི་དངོས་ཡོད་དུ་འགྱུར་བར་བྱེད་དགོས་ཟེར།
ཀྲུའུ་ཞང་ཧྥུན་བྱ་འགུལ་དེར་ཞུགས་པ་དང་། ཚེ་རིང་ཐར་དང་ལིའུ་ཁྲའོ་གཉིས་སོ་སོར་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།