ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་སྐོར་ཞིབ་བྱ་བའི་སྲོལ་ཡིག་དང་རང་ཞིང་གི་ལག་བསྟར་བྱེད་ཐབས། ཉིས་སྟོང་ཉེར་བཞི་ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལོས་མེན་གྱིས་མགོ་འཛིན་བྱས་ཏེ་རེ་བ་བཏོན། དབྱང་ཧྥུན་ཁྲོན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་ཅིང་མིག་རྒྱང་རིང་ལ། ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་ལ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་སྲུང་བྱ་འདོན་སྤྲོད་བྱས་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལོན་པར་བྱེད་པ་དང་ལག་ལེན་དངོས་འབེབས་དམ་འཛིན་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་ལ་རྐང་འཛུགས་པ་དང་དམངས་ཆེན་གྱི་ངེས་གནས་དམ་འཛིན་བྱས་ཏེ་ནན་ཏན་གྱིས་བཅོས་བསྒྱུར་རྣམ་གྲངས་དངོས་འབེབས་བྱེད་པ་དམ་འཛིན་བྱེད་དགོས་ལ། ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་བྱས་ཤིང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་རེ་བར་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འདེམ་བསྐོ་དང་གསོ་སྤེལ། དོ་དམ། བེད་སྤྱོད་བཅས་ཀྱི་བྱ་བ་ལེགས་བསྒྱུར་བྱས་ནས། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་འཇོན་མི་འདང་ཚིམས་པ་གྲབས་གསོག་བྱེད་དགོས། སྐོར་ཞིབ་བྱ་བའི་སྲོལ་ཡིག་གི་ལག་ལེན་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་པ་དང་། སྐོར་ཞིབ་བྱ་བར་སྣང་ཆུང་བྱེད་མི་རུང་བའི་འདུ་ཤེས་བརྟན་པོ་ཆགས་སུ་བཅུག་སྟེ། དང་ལེན་བྱེད་ཕོད་པ་དང་རང་འགུལ་གྱིས་དང་ལེན་བྱེད་པ། ཧུར་ཐག་སྒོས་སྐོར་ཞིབ་ལྟ་རྟོག་ལ་གཞོགས་འདེགས་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་ནས། ཚད་མཐོ་བའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ཀྱིས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།