ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2024.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ3ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”སྟེང་གི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།

ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”སྟེང་གི་གསུང་བཤད་གལ་ཆེན་གྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་མང་པོ་ཞིག་ལ་རྒྱས་བཤད་ཟབ་མོ་གནང་ཡོད་པས། དེར་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་འབེན་རང་བཞིན་གལ་ཆེན་ལྡན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་བྱ་བའི་ལས་དོན་དངོས་ཀྱི་ཁྲོད་ནས་དོན་འཁྱོལ་ནན་མོ་བྱེད་དགོས་པར་མ་ཟད། བཅོས་སྒྱུར་ཟབ་སྤེལ་དང་དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་། 《སྲིད་གཞུང་བྱ་བའི་སྙན་ཞུའི》ཁྲོད་ལས་འགན་ཁ་གསལ་བཟོས་ཡོད་པ་དེ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀའི་གཙོ་གནད་ཡིན་པའི་དབང་གིས། སྡེ་ཁག་སོ་སོས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ཏེ། རང་འགུལ་ངང་ཀུན་གྱི་མདུན་གྲལ་དུ་སྐྱོད་པ་དང་ཧུར་བརྩོན་ངང་བྱས་རྗེས་འཇོག་པ། མཉམ་ཤུགས་མཁྲེགས་གཏོར་བཅས་བྱས་ཏེ། ལས་འགན་དང་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཞིང་ལས་དང་ཞིང་སྡེ་པུའུ། ཚོང་དོན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།