ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》ཞེས་པ་ཁྱབ་སྒྲོག་བྱས་ནས། 2024ལོའི་ཟླ5ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གང་ཐུབ་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་ལ་གཙང་བཤེར་བྱས་ཏེ། སློབ་ཁྲིད་གྲུབ་འབྲས་བྱ་དགའི་སྲོལ་ཡིག་དང་རྩིས་འཁོར་ཆ་འཕྲིན་དྲ་རྒྱའི་རྒྱལ་སྤྱིའི་དྲ་སྦྲེལ་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་གནས་སྐབས་སྲོལ་ཡིག མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་དོ་དམ་སྲོལ་ཡིག ཕྱི་རྒྱལ་ཁེ་ལས་ཀྱི་རྒྱུན་སྡོད་འཐུས་ཚབ་ལས་ཁུངས་ཐོ་འགོད་དོ་དམ་སྲོལ་ཡིག ཚད་ལྡན་ཅན་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག ཁེ་ལས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་གནས་སྐབས་སྲོལ་ཡིག དངོས་ཟོག་ཕྱིར་གཏོང་ནང་འདྲེན་དོ་དམ་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་གྱི་དོན་ཚན་བརྒྱད་ལ་བཟོ་བཅོས་བརྒྱབ་པ་དང་། རྡོ་སོལ་སྐྱེལ་ཐབས་སོགས་སྲིད་འཛིན་ཁྲིམས་སྲོལ་བཅུ་གསུམ་མེད་པར་བཟོས།
བན་དེ་སྐྱབས་ཀྱིས་བསྒྱུར།