ཟླ3པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་འཐབ་ཇུས་མཛུབ་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། སྲོལ་རྒྱུན་མཛའ་མཐུན་སྔར་ལས་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་དམ་དུ་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལའི་བར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་འོག་ཏུ། རྨང་གཞིའི་སྒྲིག་ཆས་དང་ཞིང་ལས། ཚོང་དོན། བཟོ་ལས། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།
ལའོ་ལུན་སའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་སུ་ཨན་ཀོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཨན་ཀོ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།