ད་ལོ་ནས་བཟུང་། རང་རྒྱལ་གྱིས་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་དུ་གྲོང་ཁྱེར་གྱི་བརྟན་དཔྱད་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས། གསར་འགོད་པས་ཟླ3པའི་ཚེས17ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་ཉིས་བརྒྱ་གོ་བདུན་ཚང་མས་ད་ལོའི་གྲོང་ཁྱེར་གྱི་བརྟག་དཔྱད་བྱ་བ་དངོས་སུ་སྤེལ་མགོ་བརྩམས་ཡོད་ཟེར།
མིག་སྔའི་བར་འབྲེལ་ཡོད་བྱ་བ་དངོས་སུ་སྤེལ་མགོ་བརྩམས་པའི་གྲོང་ཁྱེར་ཉིས་བརྒྱ་གོ་བདུན་གྱི་ཁྲོད་དུ། ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་ཉིས་བརྒྱ་སོ་དྲུག་གིས་གྲོང་ཁྱེར་གྱི་བརྟག་དཔྱད་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཡོད་ཅིང་། གྲོང་ཁྱེར་བརྒྱ་དང་བཅོ་ལྔ་ཡིས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས་ཡོད་ལ། གྲོང་ཁྱེར་ཉིས་བརྒྱ་དང་བཞི་ཡིས་གྲོང་ཁྱེར་བརྟག་དཔྱད་བྱ་བའི་ཇུས་གཞི་བཟོས་ཡོད། བླང་བྱ་ལྟར་ན། ད་ལོའི་ས་གནས་སོ་སོའི་གྲོང་ཁྱེར་བརྟག་དཔྱད་བྱ་བ་དེ་ཟླ3པ་ནས་ཟླ8པའི་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ལ། ཟླ9པའི་ཟླ་མཇུག་སྔོན་ལ། ས་གནས་སོ་སོས་གྲོང་ཁྱེར་གྱི་བརྟག་དཔྱད་སྙན་ཞུ་དེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ལ་འབུལ་རྒྱུ་རེད།
མིག་སྔར་ཐེན་ཅིན་དང་ཁྲུང་ཆིན། ཆིན་ཏའོ། ཉིང་པོ་སོགས་གྲོང་ཁྱེར་མང་པོས་བརྟག་དཔྱད་འདྲི་ཤོག་དང་མ་ལག་ཆུང་བ་སོགས་ཀྱི་རྣམ་པའི་སྟེང་ནས་གྲོང་མི་གདན་ཞུ་བྱས་ཏེ། རང་ངོས་ཀྱི་མྱོང་ཚོར་དང་ཟུང་འབྲེལ་སྒོས་ཞིབ་ཕྲའི་གནད་དོན་དང་ཇེ་ལེགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ད་ལོའི་གྲོང་ཁྱེར་གྱི་བརྟག་དཔྱད་བྱ་བར་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྡོད་ཁང་དང་སྡོད་ཁུལ་ཆུང་བ། གཞིས་ཁུལ། གྲོང་ཁུལ་བཅས་ཀྱི་ཟུར་ཚད་བཞིར་དམིགས་ནས་མང་ཚོགས་ཉེ་འགྲམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་འཚོལ་ཞིབ་བྱེད་རྒྱུ་དང་། གྲོང་ཁྱེར་གྱི་འགྲན་རྩོད་ནུས་པ་དང་ཐེག་ནུས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་དུས་ལྟར་འཚོལ་ཞིབ་བྱས་ཏེ། ཤེས་རྟོགས་བྱུང་བའི་གནད་དོན་དག་ས་གནས་དེ་གའི་གྲོང་ཁྱེར་གྱིས་གཙོ་བོར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་བརྩིས་ནས་ཐག་གཅོད་བྱེད་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།