འཕྲལ་བསྟུན་དོ་དམ་པུའུ་དང་རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་གཞུང་སྒྲུབ་ཁང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བར་སྔར་ལས་བཀོད་སྒྲིག་བྱས།
2024.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ3པའི་ཚེས17ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉིན་དེར་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ནས། པེ་ཅིང་དང་ཧི་པེ། ཧྲན་ཞི། ནང་སོག ལེའོ་ཉིང་། ཧྲན་ཏུང་། ཀོང་ཞི། སི་ཁྲོན། ཀོས་ཀྲོའུ། ཡུན་ནན་སོགས་གཙོ་གནད་ཞིང་ཆེན་དང་འབྲེལ་མཐུད་བྱས་ནས། ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བར་སྔར་ལས་བཀོད་སྒྲིག་བྱས།

འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་གནས་བབ་ཛ་དྲག་ལྡན་ལ་རྙོག་འཛིང་ཆེ། སི་ཁྲོན་དང་ཡུན་ནན་སོགས་སུ་ནགས་ཚལ་མེ་སྐྱོན་བསྟུད་མར་བྱུང་བ་དང་། དེའི་ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དང་དར་རྩེ་མདོ་གྲོང་ཁྱེར་གྱི་ནགས་ཚལ་གྱི་མེ་གསོད་བཞིན་པའི་སྒང་ཡིན། འཕྲལ་བསྟུན་དོ་དམ་པུའུ་དང་རྒྱལ་ཁབ་མེ་འགོག་མེ་གསོད་རོགས་སྐྱོབ་ཅུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ས་ཅུའུ་བཅས་ལས་གྲུབ་པའི་བྱ་བའི་ཚན་ཆུང་ཡུལ་དངོས་སུ་འབྱོར་ནས། མེ་གསོད་གནོད་སེལ་བྱ་བར་མཛུབ་སྟོན་བྱེད་བཞིན་ཡོད་ཟེར།

འགན་ཁུར་པ་དེས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་མེ་གསོད་པར་བཀོད་འདོམས་བྱེད་པ་དང་། ཆེད་ལས་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་ངོས་ཀྱི་མི་སྣ་དང་བར་སྣང་སྟོབས་ཤུགས་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། མེ་གསོད་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕན་ནུས་ཇེ་ཆེར་གཏོང་དགོས། མེ་ཁུངས་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་སྲུང་དང་མང་ཚོགས་རྩ་འཛུགས། ཆེད་ལས་དཔུང་སྡེ་བཅས་རྩ་འཛུགས་བྱས་ནས། གཙོ་གནད་ས་ཁོངས་ལ་ལྟ་སྐྱོང་བྱ་རྒྱུར་ཤུགས་སྣོན་པ་དང་། རྩྭ་ས་དང་ནགས་ཚལ་ལ་མེ་སྐྱོན་འབྱུང་བར་གཏན་འགོག་བྱེད་པ།  ཕྱི་རོལ་དུ་སྒྲིག་འགལ་ངང་མེ་བཀོལ་བ་དང་གནམ་གཤིས་ངན་པར་བརྟེན་ནས་མེ་སྐྱོན་ཆེན་པོ་མི་འབྱུང་བར་བྱེད་དགོས། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་དང་འབྲེལ་བའི་འགལ་རྐྱེན་ཅི་རིགས་གཙང་སེལ་དང་སྒྲིག་འགལ་ངང་མེ་བཀོལ་བར་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་ཟབ་སྤེལ་བྱེད་དགོས། མེ་འགོག་དྲིལ་སྒྲོག་དང་ཉེན་ཟོན་སློབ་གསོ། ཞིབ་བཤེར་ལྟ་སྐུལ་བཅས་བྱེད་ཤུགས་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་མེ་འགོག་གི་རང་རྟོགས་ནུས་པ་ཇེ་ཆེར་གཏོང་དགོས། བདེ་འཇགས་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། མེ་གསོད་བདེ་འཇགས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། འཕུར་སྐྱོད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པ། བརྟན་འཇགས་ཡིན་ལ་གོ་རིམ་ལྡན་པའི་ངང་མེ་གསོད་བྱ་བར་རྩ་འཛུགས་བྱེད་པ། མི་སྣ་ཤི་རྨས་མི་ཡོང་བར་བྱེད་པ། མེ་སྐྱོན་ཤོར་སའི་བདེ་འཇགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བ། མང་ཚོགས་དུས་ཐོག་ཏུ་བདེ་འགོད་བྱེད་པ། སྒྲིག་ཆས་གལ་ཆེན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་བཅས་ལ་རྩེ་གཅིག་ཏུ་འབད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་ཁྱོན་བསྡོམས་མི་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་ལྷག་མངགས་ཏེ། ཉག་ཆུ་རྫོང་དང་དར་རྩེ་མདོ་གྲོང་ཁྱེར་གྱི་ནགས་ཚལ་གྱི་མེ་ནུས་ཤུགས་ཡོད་རྒུས་གསོད་ཀྱིན་ཡོད་ཅིང་། དེའི་ནང་སི་ཁྲོན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་གི་མི་དགུ་བརྒྱ་ལྔ་བཅུ་ལྷག་ཡོད་པ་དང་། ཡུན་ནན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་གི་མི་བདུན་བརྒྱ་ལྔ་བཅུ་ལྷག་ཡོད་ལ། སི་ཁྲོན་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་མི་ལྔ་བརྒྱ་ལྔ་བཅུ་ལྷག་བཅས་ཡོད། འཕྲལ་བསྟུན་དོ་དམ་པུའུ་ལྷོ་ཕྱོགས་མཁའ་འགྲུལ་ནགས་སྲུང་སྤྱི་ཁྱབ་ས་ཚུགས་ཀྱིས་གྱེན་འཕུར་གནམ་གྲུ་བརྒྱད་བཏང་བ་དང་། ཉེ་འཁོར་ཞིང་ཆེན་གྱི་མཁའ་འགྲུལ་རོགས་སྐྱོབ་གྱེན་འཕུར་གནམ་གྲུས་དཔུང་རོགས་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།