ཟླ3པའི་ཚེས18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧོས་ལིན་ཏུང་དུ་ནེའུ་ཙི་ལན་གྱི་ཚོང་དོན་པུའུ་ཀྲང་མའེ་ཁི་ལའེ་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསྟུན་མཁས། མཉམ་ལས་ལ་དམིགས་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཀྱི་ཟིན་ཐོ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་དེ་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་ཁྲོད་དུ་སྔོན་ཐོན་གྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། དེ་ནི་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་གལ་ཆེན་དང་དམིགས་བསལ་གྱི་རིན་ཐང་ལྡན་ས་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་པར་གཞི་དོན་འཁྱོལ་ཧུར་ཐག་བྱས་ནས། ཞབས་ཞུའི་ཚོང་དོན་གྱི་ཐད་ལ་ཐེབས་པའི་བཀག་རྒྱའི་གསལ་ཁྲའི་ཕྱོགས་ནས་གང་མགྱོགས་ཀྱིས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སྒོ་འབྱེད་བྱས་ན་འཕེལ་རྒྱས་ཡོད་པ་དང་སྒོ་མོ་གཏན་ན་རྗེས་ལུས་སུ་འགྱུར་སྲིད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་བཏང་ནས་ནེའུ་ཙི་ལན་ལ་ཐོག་མཐའ་བར་གསུམ་དུ་སྒོ་ཕྱེས་ཡོད། ཕྱོགས་གཉིས་ཀྱིས་རང་མོས་ཚོང་དོན་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང“ཉེན་ཁ་སེལ་བའི”མིང་ཐོག་ནས་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཁྱབ་གདལ་གཏོང་རྒྱུར་ངོ་རྒོལ་བྱས་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བསྟན།
མའེ་ཁི་ལའེ་ཡིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་གལ་ཆེན་བསྐྲུན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་ཆེར་བཏང་སྟེ། མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་སྐྲུན་འདོད་ཡོད། འཛམ་གླིང་ཚོང་དོན་གྱི་བཀག་རྒྱ་དང་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་ཀྲུང་གོ་དང་ནེའུ་ཙི་ལན་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་པར་གཞིར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རང་མོས་ཉོ་ཚོང་རྩ་དོན་སྲུང་སྐྱོང་བྱས་ཏེ་རིགས་སྣ་ཚོགས་ཀྱི་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཀྱི་བྱ་སྤྱོད་སྣ་གཏན་འགོག་བྱེད་དགོས་ཞེས་བསྟན།