རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཚེས18ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧི་པེ་ཐང་ཧྲན་དང་ཅང་སུའུ་སུའུ་ཀྲོའུ། ཧྥུའུ་ཅན་ཞ་མིན། ཅང་ཞི་ཀན་ཀྲོའུ། སི་ཁྲོན་ལི་ཧྲན་བཅས་ཚོད་ལྟའི་གྲོང་ཁྱེར་ལྔ་ཡི་རྨང་གཞིའི་སྟེང་དུ། ནང་སོག་དང་ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་གསུམ་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ཚོད་ལྟའི་ཞིང་ཆེན་དུ་བརྩིས་ནས། ཞིང་ཆེན་ཡོངས་སུ་ཚོད་ལྟ་སྤེལ་རྒྱུ་རེད།
འདིའི་ཡར་སྔོན་ལ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་དུ་མས་མཉམ་འབྲེལ་སྒོས《སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ཚོད་ལྟ་ཟབ་སྤེལ་ཇུས་གཞི》པར་འགྲེམས་བྱས་ཏེ། ལོ3ནས5བར་གྱི་ཚོད་ལྟ་བྱས་པ་བརྒྱུད། འདྲ་བཟོ་དང་ཁྱབ་བརྡལ་བཏང་ཆོག་པའི་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ནས་ངང་གིས་གྲུབ་པར་བྱེད་རྒྱུ་ཡིན་ཞེས་གསལ་བོར་བསྟན། ལོ་གཉིས་ལྷག་གི་རིང་ལ། ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར་ལྔ་ཡིས་སྨན་བཅོས་ཞབས་ཞུའི་རིན་གོང་བསྡོམས་འབོར་སྙོམས་སྒྲིག་དང་རིགས་དབྱེ་དོ་དམ། འགུལ་རྣམ་ལེགས་སྒྲིག ལྟ་ཞིབ་ཚད་ལེན་སོགས་ཀྱི་ལམ་སྲོལ་གལ་ཆེན་གཙོ་གནད་དུ་བཟུང་ནས་བཅོས་སྒྱུར་ཚོད་ལྟ་བྱས།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཚོད་ལྟའི་གྲོང་ཁྱེར་ལྔ་ཡིས་ལམ་སྲོལ་གསར་པ་གཞིར་བཟུང་ནས་བརྟན་པོའི་ངང་སྐོར་ཐེངས་གཉིས་པའི་རིན་གོང་སྙོམས་སྒྲིག་ལག་བསྟར་བྱས་པ་དང་། དེ་སོ་སོར་ལས་གཞི་ཆིག་སྟོང་སུམ་བརྒྱ་གོ་བརྒྱད་དང་ལས་གཞི་ལྔ་སྟོང་བརྒྱ་མེད་དོན་དྲུག་གི་སྨན་བཅོས་ཞབས་ཞུའི་རིན་གོང་དང་འབྲེལ་བ་ཡོད། རིན་གོང་ཁག་གཅིག་ཅུང་དམའ་སར་གནས་ཡོད་པ་དང་། ལག་རྩལ་དང་ངལ་ལས་ཀྱི་རིན་ཐང་མཐོ་བའི་ལས་གཞིའི་རིན་གོང་ཁྲོད་དུ། ནད་གཡོག་དང་གཤགས་བཅོས། སྨན་བཅོས། ཀྲུང་ལུགས་གསོ་རིག་སོགས་ཚུད་ཡོད་པ་ལ། དུས་མཚུངས་སུ་སྒྲིག་ཆས་ཟད་གྲོན་གྱི་ཟིན་ཚད་གཙོ་བོ་ཡིན་པ་དང་། འགྲོ་གྲོན་ཆེ་བའི་བརྟག་དཔྱད་ཞིབ་བཤེར་རིགས་ཀྱི་རིན་གོང་ཅུང་མར་ཆག་ཡོད། ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་མཇུག་འབྲས་ལྟར་ན། བཅོས་སྒྱུར་ཚོད་ལྟའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་སྔོན་དཔག་དམིགས་འབེན་དང་མཐུན།
ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་ཚོད་ལྟའི་ཞིང་ཆེན་གདམ་གསེས་བྱས་ནས། ཁྱབ་ཁོངས་སྔར་ལས་ཡངས་པ་དང་རིམ་པ་སྔར་ལས་མཐོ་བ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་བཅོས་སྒྱུར་ཚོད་ལྟའི་ལས་དོན་སྤེལ་བཞིན་ཡོད། བསྡུ་རུབ་ཚོད་ལྟའི་འདོད་མོས་དང་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། ས་ཁོངས་མི་འདྲ་བ་དང་བཅོས་སྒྱུར་ས་ཁུལ་མི་འདྲ་བ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། སྨན་བཅོས་འགན་སྲུང་ཐེབས་རྩ་འཁོར་སྐྱོད་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་ནས། ནང་སོག་དང་ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་གསུམ་དུ་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་གཏན་འབེབས་བྱས།
གོམ་སྟབས་རྗེས་མར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན3ལ་ཐད་ཀར་མཛུབ་སྟོན་བྱེད་རྒྱུ་དང་། ཚོད་ལྟའི་གྲོང་ཁྱེར5ལ་མུ་མཐུད་མཛུབ་སྟོན་བྱས་ནས། ལག་ལེན་དངོས་ཀྱི་ཁྲོད་ནས་རྒྱལ་ཡོངས་སུ་འདྲ་བཟོ་དང་ཁྱབ་བརྡལ་བཏང་ཆོག་པའི་བཅོས་སྒྱུར་ཉམས་མྱོང་གྲུབ་པར་བྱེད་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།