ཟླ3ཚེས19ཉིན་རྒྱལ་ཡོངས་ཀྱི་སྐབས་དང་པོའི་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་དང་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱེད་པའི་བྱ་བ་ཏན་ཏིག་ངང་སྒྲུབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་རང་རྒྱལ་གྱིས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལས་ཞུགས་བརྟན་འཇགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གོ་གནས་སུ་བཞག་ནས་ངལ་རྩོལ་པའི་ཁེ་དབང་འགན་ལེན་དྲ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རིམ་པ་མང་བ་དང་སྣེ་མང་ཅན་གྱི་ངལ་རྩོལ་འབྲེལ་བས་གྲོས་མོལ་མཐུན་སྦྱོར་གྱི་རྣམ་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་འགོག་ཟོན་དང་མེད་པར་གཏོང་བ། གཞི་རིམ་གྱི་ངལ་རྩོལ་འབྲེལ་བའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས།
གྲོས་ཚོགས་སྟེང་བསྟན་དོན། སྲིད་གཞུང་དང་བཟོ་ཚོགས། ཁེ་ལས་བཅས་ཕྱོགས་གསུམ་གྱི་གྲོས་མོལ་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་གཏིང་ཟབ་ཏུ་སྤེལ་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་ཡག་པོར་སྒྲུབ་དགོས་པ་དང་རིམ་པ་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་རང་འགུལ་ངང་སྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐུན་མོང100དང་སྔོན་ཐོན་མི་སྒེར299ལ་གཟེངས་བསྟོད་བྱས།