རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་སྟེང་མཚན་བཀོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་ཁྱབ་བསྒྲགས་མཛད་པ་དང་། 2024ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་དེར་བསྡོམས་པས་ལེའུ་བདུན་དང་དོན་ཚན་ང་གསུམ་ཡོད། གཅིག་ནས་ཚོང་གཉེར་མཁན་གྱི་འོས་འགན་ལ་འབྲེལ་བའི་གཏན་ཁེལ་ཇེ་ཞིབ་ཏུ་བཏང་ནས་ཁ་གསབ་བྱས་ཡོད། གཉིས་ནས་དྲ་རྒྱའི་འཛད་སྤྱོད་ཀྱི་འབྲེལ་ཡོད་གཏན་འཁེལ་འཐུས་ཚང་དུ་བཏང་ནས། ཚོང་གཉེར་མཁན་གྱིས་ལག་རྩལ་བྱེད་ཐབས་སྤྱོད་མི་རུང་བ་དང་། བཙན་གྱིས་འཛད་སྤྱོད་པར་ཚོང་རྫས་ཉོ་རུ་འཇུག་པའམ་ཞབས་ཞུ་དང་ལེན་བྱེད་དུ་འཇུག་མི་རུང་བའི་གཏན་འཁེལ་བྱས་ཡོད་ལ། ཐད་གཏོང་ཚོང་གཉེར་སྟེགས་བུའི་ཚོང་གཉེར་མཁན་གྱིས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཙུགས་ཡོད། གསུམ་ནས་སྔོན་རྩིས་རྣམ་པ་ཅན་གྱི་འཛད་སྤྱོད་ཚོང་གཉེར་མཁན་གྱི་འོས་འགན་ལ་ཤུགས་བསྣན་ཏེ། ཚོང་གཉེར་མཁན་གྱིས་འཛད་སྤྱོད་པའི་བར་གྱི་གྲོས་མཐུན་གཞིར་བཟུང་ནས་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད། བཞི་ནས་འཛད་སྤྱོད་སྐྱིན་ཚབ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ཞུ་གཏུག་དང་ཡར་ཞུ་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་གཏན་འཁེལ་བཅས་བརྩི་སྲུང་བྱེད་དགོས་པ་དང་། ཞུ་གཏུག་དང་ཡར་ཞུ་བེད་སྤྱད་ནས་ལུགས་མཐུན་མིན་པའི་ཁེ་ཕན་བླངས་མི་ཆོག་ལ། ཚོང་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཏང་སྟེ་ཚོང་རའི་དཔལ་འབྱོར་སྒྲིག་ལམ་ལ་རྙོག་དྲ་བཟོ་མི་ཆོག་པ་གཏན་ཁེལ་བྱས་ཡོད། ལྔ་ནས་སྲིད་གཞུང་གི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།