རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བའི་གྲོས་ཚོགས་ཟླ་3པའི་ཚེས18ཉིན་ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་ནས་ལོ་ཧྲིལ་བོའི་འབྲུ་རིགས་དང་ཞིང་ལས་ཀྱི་ལོ་ལེགས་བརྩོན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་པ་དང་། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། བསྟུད་མར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ཤིང་། ཤུགས་ཆེན་པོས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་བརྟན་འཇགས་དང་མཁོ་འདོན་འགན་སྲུང་དམ་འཛིན་བྱས་ནས། ཁ་རྒྱབ་གནད་དོན་རང་གིས་ཐག་གཅོད་བྱེད་པར་འགན་སྲུང་བྱེད་དགོས། མིག་སྔར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དེ་བྲེལ་བ་ཆེ་བའི་དུས་ཚིགས་སུ་བསླེབ་ཡོད་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔྱིད་ཀའི་ས་ཞིང་དོ་དམ་དང་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱ་བ་བྱེ་བྲག་ཏུ་དམ་འཛིན་བྱེད་པ་དང་། སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ལག་རྩལ་མཛུབ་སྟོན་ཞབས་ཞུར་ཤུགས་སྣོན་པ། འབྲུ་རིགས་འདེབས་སའི་རྒྱ་ཁྱོན་བརྟན་འཇགས་ཡོང་བ། ཞིང་ལས་མ་དངུལ་དང་ཐོན་སྐྱེད། མཁོ་འདོན་བཅས་ལ་འགན་སྲུང་བྱེད་པ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་བྱ་བ་དམ་འཛིན་བྱེད་པ་དང་། ཧུར་ཐག་སྒོས་ལོ་ཧྲིལ་བོའི་ལོ་ལེགས་བརྩོན་ལེན་བྱེད་པའི་རང་འགུལ་དབང་ཆ་ཐོབ་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གཞོགས་འདེགས་གང་ལེགས་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
བསོད་ནམས་ཚེ་རིང་གིས་བསྒྱུར།