ཁྲིན་ཀང་གིས་གྲོང་ཁྱེར་གྱི་འབར་རླངས་སྦུག་དྲའི་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།
2024.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ3པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གྲོང་ཁྱེར་གྱི་འབར་རླངས་སྦུག་དྲའི་བདེ་འཇགས་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་འཇགས་འགན་འཁྲི་ཏན་ཏིག་ངང་འཁུར་བ་དང་ནུས་ཤུགས་ཡོད་རྒུས་འབར་རླངས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་བྱ་བ་སོ་སོ་དམ་འཛིན་ལྷོད་མེད་བྱེད་དགོས།

ཁྲིན་ཀང་ཟི་ལིང་ཀྲུང་གོ་རྡོ་སྣུམ་འབར་རླངས་ཐོན་སྐྱེད་བཀོད་གཏོང་ལྟེ་གནས་དང་། གྲོང་ཁྱེར་འབར་རླངས་འཕྲལ་བསྟུན་ཉེན་སེལ་ལྟེ་གནས། སློབ་གསོ་གསོ་སྦྱོང་ལྟེ་གནས་བཅས་སུ་སོང་ནས་གྲོང་ཁྱེར་གྱི་འབར་རླངས་སྦུག་ལམ་དྲ་བ་འཁོར་སྐྱོད་དང་མངོན་མེད་རྐྱེན་ངན་གྲལ་བཤེར། འབར་རླངས་སྦུག་དྲ་གསར་འཛུགས། འཕྲལ་བསྟུན་ཉེན་སེལ་སྒྲིག་ཆས་བཀོད་སྒྲིག གསོ་སྦྱོང་འཁྲབ་སྦྱོང་། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པས། དུས་ནམ་ཡང་སྣང་མེད་ལྷོད་གཡེང་བྱེད་མི་རུང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་འབྲེལ་ཐག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ་དང་། ལྷག་པར་དུ་རློན་པའི་རང་བཞིན་གྱི་ས་སེར་ས་གཤིས་ཁྱད་ཆོས་དང་། འབར་རླངས་སྦུག་དྲ་རྙིང་པར་གྱུར་པ། བཟོ་སྐྲུན་ཨར་ལས་ཚད་ལྡན་མིན་པ། འབར་རླངས་བེད་སྤྱོད་འོས་འཚམ་མིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་དབྱེ་ཞིབ་བརྡར་གཅོད་དང་གཙོ་གནད་འགོག་སེལ་བྱེད་པ་དང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དེ“བྱ་བ་སོ་སོར་གདེང་ཚོད་ཡོད་པའི”འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་ལོ་གསུམ་གྱི་འགུལ་སྐྱོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ་ཞན་ཆ་དང་ཉམས་ཞན་ལ་དམ་པོར་དམིགས་པ་དང་། དངོས་སུ་འགུལ་སྐྱོད་བྱེད་པ། མཐའ་མི་སྐྱུར་བ། ལག་རྩལ་དང་མི། དངོས་ཟོག་བཅས་ཕྱོགས་གསུམ་པོའི་འགོག་སྲུང་དོ་དམ་ལ་བརྟེན་ནས་གཞི་གྲངས་ཅན་དང་ཆ་འཕྲིན་ཅན་གྱི་ལྟ་སྐུལ་དོ་དམ་དང་བཀོད་གཏོང་ཆུ་ཚད་མཐོ་རུ་གཏོང་བ་དང་། གློག་སྐུད་སོགས་ལ་སྐོར་ཞིབ་བྱེད་ཤུགས་དང་ཐེངས་གྲངས་ཇེ་མང་དུ་གཏོང་བ། འབར་རླངས་ཀྱི་སྦུག་ལམ་རྙིང་པའི་གསར་བརྗེ་དང་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་འབར་རླངས་སྒྲིག་བཀོད་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཤུགས་བཏོན་ནས་ནུས་ལྡན་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་སྤེལ་ཏེ་འཕྲལ་བསྟུན་ཉེན་སེལ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སེམས་ནུས་གཅིག་སྒྲིལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། འབར་རླངས་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། སྡོད་དམངས་ཀྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་མང་ཚོགས་ལ་སྔོན་འགོག་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།