ཟླ3ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ལག་ལེན་ཏུ་བསྟར་བ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་ཤུགས་སྣོན་པ་དང་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས་པ་ནན་གྱིས་བསྟན།
སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐེངས་དང་པོའི་བརྡ་ཁྱབ་ལས་རྨ་ཆེན་རྫོང་གི་རྩྭ་ས་ཞན་འགྱུར་ཉམས་གསོའི་རྣམ་གྲངས་ཐད་གནས་པའི་གནད་དོན་བསྟན་ཡོད། ཁྲིན་ཀང་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་ དགུ་སྟོད་སྡེ་བར་སོང་སྟེ། ཡུལ་དངོས་ནས་གནད་དོན་དག་ཐེར་འཕེལ་རིམ་ལ་རྟོག་ཞིབ་དང་ལྟ་སྐུལ་བྱས་ལ། རྩྭ་སའི་སྐྱེ་ཁམས་ཉམས་གསོ་དང་། ཨ་མྱེས་རྨ་ཆེན་ཆུ་མགོའི་གསོག་ཚད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཤིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་དོན་དངོས་གཟབ་ནན་གྱིས་གནད་དོན་གྱི་འབྱུང་རྩ་འཚོལ་བ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཚད་མཐོན་པོ་བཟུང་སྟེ་གནད་དོན་དག་ཐེར་དམ་འཛིན་གང་ལེགས་བྱེད་དགོས། འགན་འཁྲི་ནན་དཀྲི་དང་ཆོས་ཉིད་ལ་བརྩི་བཀུར། ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ། གཟབ་ནན་དང་ནན་ཏན། འགན་ཁུར་བའི་རྣམ་འགྱུར་བཟུང་ནས། རྩྭ་སའི་སྐྱེ་ཁམས་ཉམས་གསོ་དང་དོ་དམ་སྲུང་སྐྱོབ་བྱ་བར་གཅིག་འདོམས་བཟང་པོ་བྱེད་པ་དང་། ནུས་ཡོད་ཤུགས་ཡོད་ཀྱིས་དག་ཐེར་བྱས་ཏེ་བྱ་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། ད་ལྟ་བཅོས་སྒྱུར་དང་ཡུན་རིང་འཛུགས་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱེད་པ་དང་། དུས་སྐབས་སྔོན་མའི་རིག་པའི་ཁུངས་འདེད་བྱ་བར་ཤུགས་བསྣན་ནས་རྣམ་གྲངས་ཞིབ་བཤེས་རྩིས་ལེན་བྱ་བ་ལེགས་པོར་བསྒྲུབ་པ་དང་། བྱ་བ་གཅིག་བསྒྲུབ་ན་དེ་འགྲུབ་པར་ཁག་ཐེག་བྱེད་དགོས་པ་ནན་བཤད་བྱས།
རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ལྷ་རི་དགོན་པ་རུ། ཁྲིན་ཀང་གིས་དགོན་པའི་ལས་བྱེད་མི་སྣ་དང་། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། དགོན་པའི་དགེ་འདུན་པ་སོགས་དང་བསམ་ཚུལ་བརྗེ་རེས་བྱས་ཤིང་། དགོན་པའི་དོ་དམ་དང་འབྲེལ་བའི་གནས་ཚུལ་འདྲི་རྟོགས་ཞིབ་མོ་བྱས། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་དོ་དམ་བྱས་ཏེ། དགོན་པའི་དོ་དམ་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། རྐྱེན་སྲོལ་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་མངོན་རྐྱེན་ངན་ཞིབ་བཤེར་བྱས་ནས་དགོན་པའི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཤིང་། ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཏུ་བརྩིས་ཏེ། མཇུག་མཐའི་གོ་རིམ་དམ་འཛིན་བྱས་ནས་འགུལ་རྣམ་ཅན་དང་དུས་ཐོག་ཅན། གནད་ཁེལ་ཅན་གྱི་དོ་དམ་བྱེད་དགོས་ལ། ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་དགེ་འདུན་པ་རྣམས་དང་དད་ལྡན་མང་ཚོགས་ཀྱིས་ཁས་ལེན་ལྔའི་འདུ་ཤེས་བསྐྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། རང་འགུལ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་གསལ་བོར་བསྟན།
རྨ་ཆེན་རྫོང་སྤྱི་བདེ་ཅུའུ་རྟ་བོ་མངག་གཏོང་ཁང་དུ། ཁྲིན་ཀང་དམངས་ཕན་ཞབས་ཞུ་ས་ཚིགས་དང་མང་ཚོགས་སྣེ་ལེན་ཁང་། ཕྱོགས་སྡུས་བཀོད་འདོམས་ཁང་སོགས་སུ་སོང་སྟེ། ལས་རེས་ལས་སྲུང་དང་། ཉེན་ཞུ་དང་ལེན་ཐག་གཅོད་བྱེད་པ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པའི་ཐད་ནས་རྨ་ཆེན་དྲང་བདེན་ཉེན་རྟོག་པ་ཞེས་པའི་བསྒྲུབ་ཐབས་དེར་ཁས་ལེན་གང་ལེགས་བྱས། བདེ་འཇགས་མཚོ་སྔོན་བསྐྲུན་པའི་གཅིག་ཅན་བཅུ་ཡི་བྱ་བའི་བླང་བྱ་དངོས་འབེབས་ཟབ་མོ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་སེལ་བ་དེ་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གནད་འགག་ཏུ་བརྩིས་ནས། སྡོད་ཁུལ་གྱི་ཉེན་རྟོག་ལས་གཉེར་དང་སྡོད་ཁུལ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་གྱོད་དོན་གྱི་འབྱུང་རྐྱེན་གསལ་བོར་རྟོགས་པར་བྱེད་པ་དང་། ཁ་གཏད་རང་བཞིན་གྱིས་དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་བསྣན་ནས། སྲོལ་ངན་དོར་བ་དང་སྲོལ་བཟང་འཛུགས་པའི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། གནད་དོན་ཐོག་མ་ནས་ཐག་གཅོད་པ་དང་འབྱུང་རྩ་ནས་སེལ་བ། གཞི་རིམ་ནས་མེད་པར་གཏོང་དགོས་པ་སོགས་ནན་བཤད་བྱས།
དབྱང་ཧྥ་སིན་དང་ཀྲུང་ཞང་ཧྥིན། ལིས་ཧུང་ཡཱ་བཅས་རྟོག་ཞིབ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།