མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞིར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདེ་འཇགས་ནི་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་ཆེ་བའི་འཕེལ་རྒྱས། ཆེས་ཆེ་བའི་ཕན་འབྲས། ཆེས་ཆེ་བའི་དམངས་ཚིས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆབ་སྲིད་སྟེང་ནས་ལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། གནད་དོན་དང་ཉེན་ཁ་འཚོལ་བ། དུས་ཐོག་ཏུ་ཕན་ཡོད་བྱེད་ཐབས་སྤྱོད་པ། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་ལས་སྒོར་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ས་ཆ་སོ་སོར་བྱུང་བའི་འབར་རླངས་འགས་གཏོར་དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ། ཉེན་ཁ་ཁུལ་ཁོངས་གཙོ་བོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། གྲལ་བཤེར་དག་ཐེར་གྱི་རྩིས་ཐོ་འཛུགས་པ། གནད་དོན་ཡོད་པའི་སྦུག་ལམ་རྙིང་བ་ཞིག་གསོ་དང་བསྒྱུར་བཀོད། བརྗེ་སྤོར་བྱེད་པ། དུས་ཐོག་ཏུ་ཉེན་ཁ་མེད་པར་བྱས་ཏེ། བདེ་འཇགས་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས། སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ་དང་ལྟ་སྐུལ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། ནམ་ཡང་ངོས་འཛིན་གསལ་བོ་བྱེད་པ་དང་ནམ་ཡང་གྲ་སྒྲིག་ཡོད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ། སྐོར་ཞིབ་གཟིགས་ཞིབ། བྱ་བའི་ལྟ་ཞིབ་ཁྱབ་ཁོངས་ཁྲོད་འཇོག་པ། བརྟག་བཤེར་ཆད་གཅོད་ནན་མོ་བྱེད་པ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་བྱ་བ་བཟང་བོར་བསྒྲུབ་ནས། ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན། ས་སྲུང་འགན་བསྟར་བྱེད་དགོས། རྒྱུན་རྣམ་ཅན་དུ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། འབར་རླངས་བདེ་འཇགས་དྲིལ་སྒྲོག་བྱེད་ཤུགས་ཆེར་གཏོང་བ། ཁྱིམ་བསྐྱོད་སྐོར་ཞིབ་སོགས་ཀྱི་དུས་ཚོད་བེད་སྤྱད་དེ། འབར་རླངས་བདེ་འཇགས་དང་འབྲེལ་བའི་རྒྱུན་ཤེས་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་འདུ་ཤེས་ཇེ་མཐོར་བཏང་ནས། བདེ་འཇགས་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བའི་སྐོར་གྱི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་བཅར་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་རྒྱལ་ཡོངས་བརྙན་རིས་གྲོས་ཚོགས་དང་རྒྱལ་ཡོངས་འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཏང་གི་འགོ་ཁྲིད་དང་སྤྱི་ཚགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དེ་སྤྱི་ཚོགས་བྱ་བའི་ཕན་ནུས་སུ་བསྒྱུར་བ། འགོ་ཁྲིད་ལས་བྱེད་པས་ཞུ་གཏུག་དང་ལེན་བྱེད་པ་དང་འཚམས་འདྲི་བྱེད་པ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ནས། འཕྲིན་བཅར་བྱ་བ་གང་ནས་སྤེལ་ན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་རུ་ལག་བསྟར་བྱེད་དགོས། འགན་ནུས་གསར་བ་དང་འཚམ་པར་བྱེད་པ་དང་། གནད་དོན་ཐག་གཅོད་རྒྱུ་དེ་ཚད་གཞི་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་ལེགས་བསྡུས་དང་འགན་ནུས་མཉམ་བསྲེས། མཉམ་ལས་གཞོགས་འདེགས་བྱེད་པར་སྔར་ལས་ཤུགས་སྣོན་པ། འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱས་ཏེ། འཕྲིན་བཅར་གནད་དོན་འགོ་ཁུངས་ནས་བཅོས་སྐྱོང་བྱེད་དགོས། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་བཀོལ་སྤྱོད་བཟང་བོ་བྱེད་པ། ལམ་ལུགས་ཀྱིས་མི་དང་བྱ་བར་དོ་དམ་བྱེད་པ་དང་། ལམ་ལུགས་ཀྱིས་བྱ་བ་ཚད་ལྡན་དུ་བསྒྱུར་བ། འཕྲིན་བཅར་བྱ་བའི་རྐྱེན་སྲོལ་ཕན་ནུས་མཐོར་འདེགས་གཏོང་བ། སྔར་ལུས་ཀྱི་གྱོད་གཞི་དང་ཡང་དང་བསྐྱར་དུ་ཞུ་གཏུག་བྱེད་པ། ཚོགས་པས་ཞུ་གཏུག་བྱེད་པའི་གྱོད་གཞི་ཐག་གཅོད་པའི་ལས་ཆོད་མཐོར་འདེགས་བཏང་ནས། རྒྱལ་ཡོངས་འཕྲིན་བཅར་བྱ་བའི་སྤྱིའི་གྲུབ་འབྲས་མཐོར་འདེགས་གཏོང་བར་ཞབས་འདེགས་ཞུ་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགལ་རྩོད་ལ་ཐད་ཀར་གདོང་གཏུག་བྱེད་པ། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ། རྩིས་ཐོ་རྙིང་པར་འཐབ་རྩོད་བྱེད་པ། དཔོན་གསར་གྱིས་རྩིས་རྙིང་ལ་ཁ་ཡ་མི་བྱེད་པའི་བསམ་བློར་འཐབ་རྩོད་བྱེད་པ། གནད་དོན་གྱི་རྒྱུ་རྐྱེན་འཚོལ་བ་དང་།འགོ་ཁྲིད་ལས་བྱེད་པ་དང་འགན་ནུས་སྡེ་ཁག་གིས་ཁག་ཁུར་མི་བྱེད་པ་དང་འབད་འཐབ་མི་བྱེད་པར་ཞིབ་བཤེར་བྱེད་པ། འཕྲིན་བཅར་གྱོད་གཞིའི་རྒྱབ་ཕྱོགས་ཀྱི་རུལ་སུངས་གནད་དོན་ཞིབ་བཤེར་བྱས་ཏེ། སྤྱོད་ཚུལ་གཟབ་ནན་དུ་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་སེར་འཕྱག་འགལ་རྡུང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་འབུར་ཐོན་གནད་དོན་ལ་དམ་དུ་དམིགས་པ། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། སེར་འཕྱག་འགལ་རྡུང་གི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དམ་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། དྲ་རྒྱའི་བར་སྟོང་རྒྱུན་མཐུད་ངང་གཙང་བསྒྱུར་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གཙོ་གཞིར་ཆད་གཅོད་ནན་མོ་བྱེད་པ། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱས་ནས། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།