ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། 《ཆུ་གྲོན་ཆུང་གི་སྲོལ་ཡིག》ཅེས་པ་ཁྱབ་སྒྲོག་བྱས་ནས། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ6དང་དོན་ཚན52ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་འགའ་གཏན་འབེབས་བྱས་ཡོད་པ་སྟེ། གཅིག་ནས་ཆུ་གྲོན་ཆུང་གི་ལས་དོན་ཐད་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། གཉིས་ནས་ཆུ་བེད་སྤྱོད་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ལོ་ཏོག་གཙོ་བོ་དང་བཟོ་ལས་ཐོན་རྫས་གཙོ་བོ། ཞབས་ཞུའི་ལས་རིགས་སོགས་ལ་ཆུ་སྤྱོད་བཅད་གྲངས་ཀྱི་དོ་དམ་ལག་བསྟར་བྱེད་རྒྱུ་དང་། ཆུ་གྲོན་ཆུང་གི་སྦས་ཤུགས་ཆེ་ཞིང་བེད་སྤྱོད་བྱེད་ཁྱོན་ཆེ་བའི་ཆུ་བེད་སྤྱོད་ཀྱི་ཐོན་རྫས་ལ་ཆུའི་ཕན་འབྲས་མཚོན་རྟགས་དོ་དམ་བྱེད་དགོས། གསུམ་ནས་ཆུ་གྲོན་ཆུང་གི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། བཟོ་ལས་ཀྱི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཆུང་དང་གྱོང་གུད་ཇེ་ཉུང་དུ་གཏོང་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་ལྡན་མིན་པའི་ཆུ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། བཞི་ནས་འགན་ལེན་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཞིང་ལས་ཀྱི་ཆུ་སྤྱོད་གནད་ཁེལ་ཁ་གསབ་ལམ་སྲོལ་དང་ཆུ་གྲོན་ཆུང་གི་བྱ་དགའ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་ཆུ་གྲོན་ཆུང་གི་ལས་གཞིར་ཁ་གསབ་རོགས་དངུལ་སྤྲོད་པ། ཆུ་གྲོན་ཆུང་གི་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཆུ་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་དགོས། ལྔ་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་རྗེས་ལུས་ཀྱི་ཆུ་འཛད་གྲོན་ཆེ་བའི་ལག་རྩལ་དང་བཟོ་རྩལ། སྒྲིག་ཆས། ཐོན་རྫས་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།