ཟླ 3པའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་ཡོངས་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས། 2023ལོའི་བྱ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་བལྟས་ན། 2023ལོའི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་བྱ་བ་ཁག་ལ་གྲུབ་འབྲས་གསར་བ་ཐོབ། ས་གནས་སོ་སོས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱེད་སར་བརྟེན་ནས། ཡུལ་སྐད་ཀྱི་གཞུང་ལུགས་སྒྲོག་འགྲེལ་ཐེངས་སྟོང་བརྒྱད་ལྷག་སྤེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དམངས་སེམས་སུ་འཇགས་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལས་གཞི་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་གོའི་མི་བཟང་དང་མཚོ་སྔོན་གྱི་མི་བཟང་གི་མཚན་སྙན་ཐོབ་མཁན་མི་ང་གཉིས་ཡོད་ཅིང་། དཔལ་ཡོན་སྐྱེད་སྲིང་ལ་འཕེལ་རྒྱས་གསར་བ་བྱུང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱེད་སར་བརྟེན་ནས། རོང་འབྲོག་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དཔལ་ཡོན་ལྡན་པའི་གསོལ་ཅོག་དང་དཔལ་ཡོན་ལྡན་པའི་འགྲིམ་འགྲུལ། དཔལ་ཡོན་ལྡན་པའི་ཡུལ་སྐོར་སོགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ་ནས། སྤྱི་ཚོགས་དར་སྲོལ་རྒྱུན་མཐུད་སྒོས་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་འདོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་ཀྱི་ལས་འགན་གསར་བ་གཅིག་བསྡུས་སྒོས་ཁག་ཁུར་བྱེད་པ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ནི་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་གཞི་རྩ་ཡིན་པའི་དགོངས་དོན་ཡིན་པ་ལག་བསྟར་ཟབ་མོ་བྱེད་པ་དང་། རང་འགུལ་ལས་སྒྲུབ་དང་། གསར་གཏོད་ཀྱིས་ཕྱུག་པ། སྤུས་ཚད་དང་མྱུར་ཚད་གཉིས་ཀ་མཐོར་འདེགས་གཏོང་བ། དཔལ་ཡོན་སྐྱེད་སྲིང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་འཛུགས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་བསམ་བློའི་འགན་སྲུང་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་མཐུན་རྐྱེན་ལེགས་ཤོས་བཅས་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར། རྟ་ཐང་རྫོང་། ཧུའུ་ཀྲུའུ་རྫོང་། གུང་ཧོ་རྫོང་། ན་གོར་མོ་གྲོང་ཁྱེར། མདོ་ལ་རྫོང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ལྷ་མོ་འཚོས་བསྒྱུར།