ཝང་ཧུའུ་ཉིང་གིས་སོ་སོར་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པ་དང་དབྱིན་ཇིའི་ཏང་ཁག་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 112

ཟླ3པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ཅིན་ཁྲིན་ནན་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས21པེ་ཅིང་དུ་སོ་སོར་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ཅིན་ཁྲིན་ནན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་དང་། ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གྲོས་མོལ་སྐབས་བཅུ་གཉིས་པར་ཞུགས་པའི་དབྱིན་ཇིའི་སྲུང་འཛིན་ཏང་དང་བཟོ་པའི་ཏང་གི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱི་ཐུགས་ཁུར་དང་མཛུབ་ཁྲིད་འོག་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་ཕྱིན་ཡོད། ད་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་ད་“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོ”བསུས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེ་དར་སྤེལ་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། མཉམ་དུ་ཞི་བདེ་བརྟན་ལྷིང་གི་ཕྱིའི་ཁོར་ཡུག་ཅིག་བསྐྲུན་འདོད་ཡོད་པར་མ་ཟད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།

ཅིན་ཁྲིན་ནན་གྱིསསྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བའི་ཐད་ལ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེས་ཡོད། “ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ”ཡིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་མ་ཐེབས་ཐུབ་པ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོན་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བསྟན།

ཟླ3པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གྲོས་མོལ་སྐབས་བཅུ་གཉིས་པར་ཞུགས་པའི་དབྱིན་ཇིའི་སྲུང་འཛིན་ཏང་དང་བཟོ་པའི་ཏང་གི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། འདི་ནི་ཝང་ཧུའུ་ཉིང་གིས་དབྱིན་ཇིའི་དབུ་བཞུགས་ནང་བློན་ཟུར་པ། དབྱིན་ཀྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏིན་ཏུན་དང་མཉམ་དུ་བསྐྱོན་པའི་མཉམ་པར་རེད།

དབྱིན་ཇིའི་ཏང་གཉིས་ཀྱི་གྲོས་མིའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན།   ཀྲུང་གོས་སྤུས་ཚད་མཐོན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་ཀྲུང་གོས་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་དབྱིན་ཇིའི་ཁེ་ལས་ཀྱིས་ཀྲུང་གོར་མུ་མཐུད་དུ་མ་དངུལ་བཏང་ནས འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དབྱིན་ཇིའི་སྲུང་འཛིན་ཏང་དང་བཟོ་པའི་ཏང་སོགས་དང་མཉམ་དུ་མུ་མཐུད་དུ་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་འགྲོ་འོང་རྒྱུན་འཁྱོངས་དང་། རྒྱུས་ལོན་རྒྱུན་མ་ཆད་ཇེ་ཟབ་ཏུ་གཏོང་བ། འགལ་བ་ཇེ་ཆུང་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འདིའི་ཐད་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

དབྱིན་ཇིའི་དབུ་བཞུགས་ནང་བློན་ཟུར་པ། དབྱིན་ཀྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏིན་ཏུན་སོགས་ཀྱིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ལས་ཀྲུང་གོའི་འཕེལ་རྒྱས་ལ་ངོས་འཛིན་ཟབ་མོ་བྱས་པ་དང་དབྱིན་ཇི་དང་ཀྲུང་གོའི་མཉམ་ལས་ཀྱི་གོ་སྐབས་ལ་ངོས་འཛིན་ཟབ་མོ་བྱས་ཡོད། ང་ཚོས་ཀྱང་དབྱིན་ཇིའི་ལས་རིགས་ཁག་གི་མི་སྣ་སྔར་ལས་མང་པོས་ཀྲུང་གོར་ཤེས་རྟོགས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།