ཟླ3པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་སློབ་ཆེན་དུ་སོང་ནས་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཁྱད་ལྡན་རིག་ཚན་སྐྲུན་ཚད་ཤུགས་དྲག་ཏུ་གཏོང་བ་དང་། ཆེད་ལས་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་པ། ཚན་རིག་ཞིབ་འཇུག་གི་དཀའ་གནད་ཆེན་པོ་འགག་སྒྲོལ་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་ཆེད་འཇོན་མིའི་ལག་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
རྫས་འགྱུར་བཟོ་ལས་སློབ་གླིང་དུ། ཁྲིན་ཀང་གིས་ཚན་རིག་ཞིབ་འཇུག་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཚོད་ལྟ་ཁང་དུ་སོང་ནས་ཡུལ་དངོས་ནས་གཟིགས་ཞིབ་བྱས་ཤིང་། པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་སློབ་ཆེན་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཀྱི་ཞིབ་འཇུག་སྒྲིག་ཆས་ཆེ་གྲས་རིགས་མཉམ་སྐྲུན་བྱེད་པའི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཚྭ་མཚོ་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེན་མོ་དང་པོ་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཞིག་ཀྱང་ཡིན་པས། འཕེལ་རྒྱས་ཀྱི་མིག་རྒྱང་རིང་དུ་བསྲིང་སྟེ། ད་ཡོད་ཀྱི་སྔོན་ཐོན་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་ཞིབ་འཇུག་གཏིང་ཟབ་བྱས་ནས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་རིན་ཐང་ལྡན་པར་བཀོལ་སྤྱོད་བྱེད་པར་རྨང་གཞི་འདིང་དགོས། རྩེ་རིམ་ཇུས་འགོད་དང་ལམ་སྲོལ་རྐྱེན་སྲོལ་གང་ལེགས་སྒོས་བཙུགས་ཏེ། སྲིད་གཞུང་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་གླིང་། ཁེ་ལས་སོགས་ཀྱིས་རང་འགན་མཐའ་འཁྱོལ་དང་མཐུན་སྦྱོར་ཤུགས་འདོན་བྱས་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་གསར་གཏོད་ཀྱི་མཉམ་འབྲེལ་མ་ལག་འཛུགས་དགོས། ཞིབ་འཇུག་སྒྲིག་ཆས་ལེགས་པོར་བཀོལ་བ་དང་རང་ཞིང་གི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། ཐོན་ལས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་བསྣན་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རོགས་ཤུགས་འདོན་དགོས་ཞེས་ནན་བཤད་བྱས། །
མཚོ་སྔོན་སློབ་ཆེན་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་ནི་ཚན་རྩལ་གླིང་དང་ཐོན་ལས་གླིང་གཞི་གཅིག་ཏུ་གྲུབ་པའི་མཉམ་འབྲེལ་མ་ལག་ཅིག་ཡིན། ཁྲིན་ཀང་གིས་འཆར་གཞི་འཛུགས་སྐྲུན་གནས་ཚུལ་ལ་ཉན་པ་དང་། ཚན་རྩལ་གླིང་དུ་ཞུགས་པའི་ཁེ་ལས་འགར་སོང་སྟེ་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་། མཐོ་གསར་ལག་རྩལ་གྱི་ཁེ་ལས་གསོ་སྐྱོང་བྱེད་ས་སོགས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཤིང་། མཐོ་རིམ་སློབ་གྲྭའི་ཚན་སློབ་རིག་ནུས་ཐོན་ཁུངས་དང་ཚོང་རའི་དགེ་མཚན་གསར་གཏོད་ཐོན་ཁུངས་ཟུང་འབྲེལ་དམ་ཟབ་བྱས་ཏེ། གསར་གཏོད་ཀྱི་གསོན་ཤུགས་སྔོན་འདོན་གང་ལེགས་བྱེད་པ་དང་། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་ཅིག་བསྐྲུན་དགོས་ཤིང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་སློབ་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞི་གྲངས་དབྱེ་ཞིབ་ལྟེ་གནས་དང་། རྒྱལ་ཁབ་ཚད་བརྒལ་རྩིས་རྒྱག་ཝུའུ་ཞི་ལྟེ་གནས་ཀྱི་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་རུ། ཁྲིན་ཀང་གིས་ལྟེ་གནས་འཕེལ་རྒྱས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ཏེ། ཡུལ་དངོས་ནས་དཀའ་གནད་གནད་དོན་ཐག་གཅོད་བྱས་ཤིང་། རྒྱལ་ཁབ་འཐབ་ཇུས་དང་ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་། འཁོར་སྐར་ཚོར་བརྟེན་དང་། ཚད་བརྒལ་རྩིས་རྒྱག་སོགས་ཀྱི་ལག་རྩལ་བཀོལ་སྤྱོད་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ། བྱེ་འགོག་བྱེ་བཅོས། གནོད་འགོག་གནོད་སེལ། གནམ་གཤིས་བརྟག་དཔྱད་སོགས་ཐད་ལ་ཞིབ་འཇུག་བྱེད་པ་དང་། ཆོས་ཉིད་རྟོགས་པར་བྱེད་པ་དང་དེ་བེད་སྤྱོད་གཏོང་བ། འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་དགོས། ལྷད་མེད་གློག་ནུས་དེ་ལྷད་མེད་རྩིས་ནུས་ལ་ཚུལ་སྒྱུར་བྱེད་པར་དམིགས་ཏེ། ལྷད་མེད་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བ་དང་། རྩིས་ནུས་སྣ་མང་ཕན་ཚུན་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས། ཞིང་ཆེན་ཡོངས་སུ་ལྷད་མེད་རྩིས་ནུས་འཛུགས་པ་དང་བཀོལ་སྤྱོད་བྱེད་པར་འདེགས་སྐྱོར་བྱེད་དགོས། མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་སོགས་སྟེགས་བུར་གཞི་བཅོལ་ཏེ། འཇོན་མི་བསྡུ་ལེན་གསོ་སྐྱོང་དང་འཇོན་མི་བཀོལ་སྤྱོད་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་བཤད་བྱས།
ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་རྟོག་ཞིབ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།