མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ3པའི་ཚེས21ཉིན། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་ཟབ་མོ་བྱས་པ་དང་། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཚན་རྩལ་གསར་གཏོད་ཀྱི་རྐྱེན་སྲོལ་འཚོལ་ཞིབ་བྱས་ལ། མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ཡའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སློབ་གསོ་པུའུ་དང་། མཚོ་སྔོན་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་མཐོ་རིམ་སློབ་གླིང་དང་ཁེ་ལས་ལ་བཀའ་དྲིན་ཞུས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཡིན་ལ། མཚོ་སྔོན་གྱིས་ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་མངོན་སུམ་གྱི་དགོས་མཁོ་ཡང་ཡིན་པ་དང་། མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་ཚན་རྩལ་ཐད་ཀྱི་བཀག་རྒྱ་གཏོར་བའི་བྱེད་ཐབས་གལ་ཆེན་དེ་ལས་ཀྱང་ཡིན་པས། ལྗང་མདོག་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་སྟེང་ཤུགས་འདོན་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་བཙུགས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་བ། ལྗང་མདོག་རྩིས་ནུས་སོགས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཚན་རིག་ཞིབ་འཇུག་གི་འགག་རྒོལ་སྟེང་ཕན་འབྲས་བརྩོན་ལེན་བྱེད་པ་དང་། ལས་གཞི་དང་ཁེ་ལས། མཐོ་རིམ་སློབ་གླིང་། ཤེས་ལྡན་མི་སྣའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། གཙོ་བོར་ཐོན་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་གནད་ཐག་གཅོད་དགོས། ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ཐད་འབད་བརྩོན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་སློབ་ཞིབ་བཀོལ་གཞི་གཅིག་ཅན་གྱི་དགེ་མཚན་འདོན་སྤེལ་བྱེད་པ། ཚན་རྩལ་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཕྱོགས་མང་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། གསར་གཏོད་འཇོན་མི་སྐྱེད་སྲིང་དང་ནང་འདྲེན་བྱེད་པའི་སྟེང་བྱེད་ཐབས་བཟང་བོ་སྤྱོད་པ་དང་། པུའུ་དང་ཞིང་ཆེན་མཉམ་འཛུགས་བྱེད་པ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་མཉམ་ལས་བྱེད་པའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཁྱད་ལྡན་དགེ་མཚན་སློབ་ཚན་གསར་སྐྲུན་བྱས་ཏེ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་ཞབས་འདེགས་བཟང་བོ་ཞུ་བ་དང་། སློབ་སྦྱོང་གི་ཁོར་ཡུག་དང་ཚན་རིག་ཞིབ་འཇུག་གི་ཁོར་ཡུག གསར་གཏོད་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། མཚོ་སྔོན་གྱི་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ། ཐོན་ལས་བཅས་རྒྱུན་མཐུད་ངང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་གྱི་ཁྱད་ཆོས་དང་ཡུན་རིང་གི་དགོས་མཁོར་རྐང་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་རོགས་འདེགས་ཡོ་བྱད་གསར་སྐྲུན་བྱེད་དགོས། ཁེ་ལས་ཀྱིས་དྲི་བ་འདོན་པ་དང་སྲིད་གཞུང་གིས་ཁ་བྱང་འདེམ་པ། མཐོ་རིམ་སློབ་གྲྭས་དོན་འགྲེལ་བྱེད་པ། སྟེགས་བུས་ལན་འདེབས་པ། ཚོང་རས་རྒྱུགས་ཤོག་ལ་ལྟ་བའི་སྲིད་ཐོན་སློབ་ཞིབ་དང་བཀོལ་སྤྱོད་བཅས་མཉམ་བསྲེས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་སྔར་ལས་མང་པོ་ནང་འགུག་བྱས་ནས་མཉམ་འཛུགས་མཉམ་སྤྱོད་བྱེད་པ། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གླིང་གི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། མཉམ་ལས་འགག་གཏོར་གྱི་གཡུལ་ས་གཙོ་བོ་གསར་སྐྲུན་བྱེད་དགོས། ཚོང་ར་ཁྲིད་ཕྱོགས་སུ་བྱེད་པ་དང་ལས་གཞི་སྣེ་ཁྲིད་དུ་བྱེད་པ། གདོད་མའི་གསར་གཏོད་ལ་བརྩི་མཐོང་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་དང་སྐུལ་སློང་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བའི་མྱུར་བགྲོད་ལམ་བུ་བཏོད་དགོས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་དང་ཁེ་ལས། ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གླིང་གི་མཉམ་འབྲེལ་སྐྱེད་སྲིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ། རྣམ་གྲངས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལག་ལེན་མ་ལག་འཐུས་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཉར་གསོག་མཛོད་གསར་སྐྲུན་བྱེད་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་གྱིས་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་ལག་བསྟར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར། གྲོན་དངུལ་གཏོང་བར་ཤུགས་བསྣན་ནས། ཞབས་ཞུ་འགན་སྲུང་གི་མཉམ་སྡེབ་བྱེད་ཐབས་སྤྱོད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཐེན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞན་ཅིན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་སློབ་གཙོ་སུང་ཡིའུ་ཧུང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཁྲུང་ཆིན་སློབ་ཆེན་གྱི་རྒྱུན་ལས་སློབ་གཙོ་གཞོན་པ་ལིའུ་ཧན་ལུང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཧྭ་ཏུང་རང་བྱུང་དང་བཟོ་སྐྲུན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲུའུ་ཝེ་ཧུང་། ཆིན་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན། ཞིང་ཆེན་སློབ་གསོ་ཐིན། ཚྭ་མཚོ་མ་རྐང་། ནུབ་རྒྱུད་གཏེར་ལས། མཚོ་ནུབ་ཁུལ་སྲིད་གཞུང་སོགས་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་སྡེ་ཁག ཁེ་ལས། ས་གནས་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་གཏམ་བཤད།

སློབ་གསོ་པུའུ་ཡི་འབྲེལ་ཡོད་སི་དང་ཅུའུ་ཡི་བློ་མཐུན་དང་། ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གླིང་ཉི་ཤུ་ལྷག་གི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཐད་གཏོགས་ཀྱི་ཐིན་དང་ཅུའུ། མཚོ་ནུབ་ཁུལ། ཟི་ལིང་གསར་སྤེལ་ཁུལ། འབྲེལ་ཡོད་མཐོ་རིམ་སློབ་གླིང་དང་ལས་རིགས་སློབ་ཆེན། ཚན་རིག་ཞིབ་འཇུག་གླིང་དང་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།