ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ3པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་དང་། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། ས་ཁང་ཐོན་ལས་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ས་ཁང་ཐོན་ལས་ཁྲོམ་ར་བརྟན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པར་མ་ཟད། «རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་ཁ་རུ་འབྱོར་སྐབས་གྲུ་ཁ་ནས་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན»ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་ནི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པས། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། དངུལ་རྩའི་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་གནས་ཐིག་གཏན་འཁེལ་ནས་རྐང་ཚུགས་པར་བྱེད་རྒྱུ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་ཀྱི་གཅིག་གྱུར་འཆར་འགོད་དང་ལེགས་བཅོས་བསྡུ་སྒྲིལ། ཆ་འཕྲིན་མཉམ་སྤྱོད་བཅས་ལ་ཤུགས་སྣོན་དགོས་ལ། ད་ཡོད་ཀྱི་ཡིད་རྟོན་མ་ལག་སོགས་དང་སྦྲེལ་མཐུད་ཡག་པོ་བྱེད་དགོས། ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བརྩིས་ཏེ། གཞི་གྲངས་ཀྱི་བདག་དབང་དང་བདེ་འཇགས། ཉོ་ཚོང་སོགས་ཀྱི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། གཞི་གྲངས་གསར་སྤེལ་སྒོ་འབྱེད་དང་འཁོར་རྒྱུག་བེད་སྤྱོད་ལམ་ལུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

གྲོས་ཚོག་ལས་བསྟན་དོན། ས་ཁང་ཐོན་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་རིང་ལ་ཁྱབ་རྒྱ་ཆེ་བའི་དབང་གིས། དེ་ནི་མི་དམངས་མང་ཚོགས་རང་སྟེང་གི་ཁེ་ཕན་དང་འབྲེལ་བ་ངེས་ཅན་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ངེས་ཅན་ཡོད། ན་ནིང་ནས་བཟུང་། ས་གནས་སོ་སོས་གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་སྤྱད་དེ་ས་ཁང་བདག་ཁོངས་སྙོམས་སྒྲིག་བྱེད་ཚད་སྔར་ལས་ཇེ་ལེགས་སུ་བཏང་སྟེ། འགྲིམ་འགྲུལ་ཐོག་ཁང་འགན་ལེན་དང་སྡོད་ཁང་དངུལ་བུན་གྱི་སྐྱེད་ཀ་མར་ཕབ་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་སྲུང་བྱས་ཡོད། ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། འགྲིམ་འགྲུལ་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཐུན་སྦྱོར་ལམ་སྲོལ་སྔར་ལས་དོན་འཁྱོལ་དང་དེ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འབྲེལ་ཡོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱེད་པ། མི་མངོན་པའི་དགོས་མཁོ་ནུས་ལྡན་ངང་འཕེལ་བར་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ས་ཁང་བདག་ཁོངས་ཀྱི་ཚོང་རའི་མཁོ་སྤྲོད་འབྲེལ་བའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། “ཚོང་ར་དང་འགན་སྲུང་ཟུང་འབྲེལ་གྱི”སྡོད་ཁང་མཁོ་སྤྲོད་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། ཚོང་སྒྱུར་སྡོད་ཁང་གི་འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་པར་ཤུགས་སྣོན་དགོས།

ཚོགས་ཐོག་ནས《རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་ཁར་འབྱོར་སྐབས་གྲུ་ཁ་ནས་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་གྱི་ཁྲོམ་རའི་བར་མཐོངས་ཆེ་བ་དང་བཟོ་སྐྲུན་གྱི་སྟོབས་ཤུགས་ཆེ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྦྲག་སྐྱེལ་གྲུ་གཟིངས་ཀྱི་དཔལ་འབྱོར་སོགས་འཕར་གཞི་གསར་པ་འཕེལ་རྒྱས་གང་ལེགས་གཏོང་བ་དང་། མ་ལག་ཚང་བའི་ལམ་ལུགས་དང་ཞབས་ཞུའི་མ་ལག་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་བ། ཐོན་ལས་གསར་པ་དང་དཔེ་དབྱིབས་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་སྟོབས་ལྡན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།