ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་བརྙན་རིས་གྲོས་ཚོགས་སྟེང་དུ་གསུང་བཤད་གལ་ཆེན་གནང་།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ3པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་དངུལ་རྩ་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་མ་ལག་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམསསྔར་ལས་ཡག་པོ་བྱེད་པ། ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་སེལ་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚོགས་འདུར་འགོ་འཛིན་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།

ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བུ་ལོན་གྱི་ཇུས་གཞི་ཆ་ཚང་གཏན་འབེབས་དང་ལག་བསྟར་རྩ་འཛུགས་བྱས་ཡོད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པར་བྱེད་པའི་ཚད་མཐའ་བརྟན་སྲུང་བྱས་ཡོད་ཅེས་གསུངས།

ལིས་ཆང་གིས་བུ་ལོན་གྱི་ཉེན་ཁ་སེལ་བའི་བྱ་བ་ནི་མཁྲེགས་གཏོར་དམག་འཐབ་ཅིག་ཡིན་ལ་རྒྱུན་སྲིང་དམག་འཐབ་ཅིག་ཀྱང་ཡིན། ས་གནས་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་མ་ལག་ཚང་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་རྒྱུན་མཐུད་དང་གཏིང་ཟབ་ངང་སེལ་ཅི་ཐུབ་བྱེད་པ། ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་མ་དངུལ་འདུ་འཁོར་ལས་སྟེགས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་བ། ཁེ་ལས་ཀྱི་རྩིས་ཁྲའི་མ་དངུལ་འགོར་འགྱངས་བྱེད་རིགས་ཀྱི་གཙང་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ། བསགས་འབོར་བུ་ལོན་གྱི་ཉེན་ཁ་སེལ་ཐབས་འོས་འཚམ་བཅས་བྱས་ཏེ། བུ་ལོན་གྱི་ཉེན་ཁ་གསར་པ་མི་ཐོན་པར་བྱེད་དགོས། ཉེ་རིང་ཟུང་འབྲེལ་དང་འགག་གྲོལ་མཉམ་སྤྱོད། རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་བྱས་ནས་ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་འགལ་ངང་བུ་ལོན་གཡོར་བ་དང་རྣམ་པ་འགྱུར་བའི་བུ་ལོན་ལེན་པའི་ཐབས་ལམ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བུ་ལོན་དང་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་སྒོས་དམ་འཛིན་ཡག་པོ་བྱས་ནས། དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྔར་ལས་སྲ་བརྟན་དང་ཤུགས་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བུ་ལོན་གྱི་ཉེན་ཁ་སེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གྱིས་གསུངས།

ནོར་སྲིད་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་། ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་། ཀོས་ཀྲོའུ་ཞིང་ཆེན་སྲིད་གཞུང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།