ཚའེ་ཆི་ཡིས་སོ་སོར་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ3པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་སོ་སོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཕྱི་ཕྱོགས་པུའུ་ཡི་པུའུ་ཀྲང་ལིས་ཧོད་ཀྲུང་གིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ཅིན་ཁྲིན་ནན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས། ན་ནིང་གི་ཟླ12པའི་ནང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་གནང་བ་དེ་ནི། ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ངོས་ནས་བལྟས་ན་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ། ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་སྒྲོམ་གཞིའི་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་ཁྲོད་ཀྱི་མཛའ་བརྩེ་སྔར་ལས་ཇེ་དམ་དུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཧོད་ཀྲུང་གིས་ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་དམ་པོར་དམིགས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་བློ་བརྟན་འགྱུར་མེད་ངང་འབད་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་བར་མེད་དུ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཚའེ་ཆི་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས། ཉེ་བའི་ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨུན་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་རྒྱུའི་ཐད་ནས་སྣེ་ཁྲིད་གང་ལེགས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཁྲའོ་ཞན་ངལ་རྩོལ་ཏང་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”གོ་སྐབས་ཡག་པོ་སྤྱད་དེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་གི་ཁྱོན་ཡོངས་ལ་མཉམ་དུ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་གསུངས།

ཅིན་ཁྲིན་ནན་གྱིས་ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུགས་ཁུར་དང་ཁྲིད་སྟོན་འོག་ཏུ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མཐུན་སྒྲིལ་གྱི་འབྲེལ་ཐག་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།