ཆིན་ཧྭ་སློབ་ཆེན་གྱིས་སྐབས་སོ་གཉིས་པའི་འཛམ་གླིང་ཆུའི་ཉིན་མོ་ལ་རྟེན་འབྲེལ་ཞུ་བའི་ཆུ་རའི་ཚན་རིག་དང་ཆུ་བེད་བཟོ་སྐྲུན་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་མཚོ་སྔོན་སློབ་ཆེན་རིག་ནུས་ཆུ་རའི་དཔེ་དབྱིབས་ཆེན་མོ་དང་ཆུ་རའི་དབྱིན་ཡིག་གི་དུས་དེབ་སྤེལ་འགོ་བརྩམས།
2024.03.23 ཁུངས། ཀློག་གྲངས། 26

ཟླ3པའི་ཚེས22ཉིན། སྐབས་སོ་གཉིས་པའི་འཛམ་གླིང་ཆུའི་ཉིན་མོ་ལ་རྟེན་འབྲེལ་ཞུ་བའི་ཆུ་རའི་ཚན་རིག་དང་ཆུ་བེད་བཟོ་སྐྲུན་རིག་གཞུང་བགྲོ་གླེང་ཚོགས་འདུ་ཆིན་ཧྭ་སློབ་གྲྭ་ཆེན་མོ་རུ་བསྡུས། ཆུ་བེད་པུའུ་དང་ཚན་རྩལ་པུའུ། ཆིན་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན། ཝུའུ་ཧན་སློབ་ཆེན། མཚོ་སྔོན་སློབ་ཆེན། ཀྲུང་གོ་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་གླིང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་ལྔ་བཅུ་ལྷག་ཚོགས་འདུར་ཞུགས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཟུར་པ་ཝང་ཀོང་ཆན་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་དགེ་རྒན་ཆེན་མོ་ཧྲི་ཡོན་ཁྲུན་ཚོགས་འདུར་ཞུགས། 

གདན་ཞུའི་སྐུ་མགྲོན་གྱི་གཏམ་བཤད་དང་རིག་གཞུང་སྙན་ཞུའི་གོ་རིམ་ཚར་རྗེས། ཚོགས་ཐོག་ཏུ་ཆུ་རའི་རིག་ནུས་དཔེ་དབྱིབས་ཆེན་མོ་ཨེ་དབྱི་རིག་ནུས་ཀྱི་ཆུ་རAI Hydrosphereཞེས་པ་ཞིབ་འཇུག་གསར་སྤེལ་བྱས་པ་ཁྱབ་སྒྲོག་བྱས། ཨེ་དབྱི་རིག་ནུས་ཀྱི་ཆུ་ར(AI Hydrosphereཡི་དམིགས་འབེན་ནི་ཆུ་རའི་ཚན་རིག་དང་ཆུ་བེད་ཆེད་ལས་ཀྱི་ཁྱབ་ཁོངས་སུ་ཨེ་དབྱི་དཔེ་དབྱིབས་ཆེན་མོ་བཟོས་ནས། ཆིན་ཧྭ་སློབ་ཆེན་གྱི་གློག་རྡུལ་ཁ་བརྡའི་མ་ལག(ChatGLM)གི་དཔེ་དབྱིབས་ལ་བརྟེན་ནས་སྦྱོང་བརྡར་བྱས་ཏེ། ཆུ་རའི་ཆེད་ལས་ཤེས་བྱ་དང་ཆུ་བེད་ལས་རིགས་ཀྱི་ཚད་གཞི་ཇེ་དྲག་ཏུ་གཏོང་པ་དང་། ལག་ཆ་ལ་བརྟེན་ནས་གཞི་གྲངས་ལ་དབྱེ་ཞིབ་བྱེད་པ་མངོན་འགྱུར་བྱས་ནས། ཆེད་ལས་ཀྱི་དཔེ་དབྱིབས་ལག་ལེན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་ཆེད་དུ་རེད། དེང་སྐབས། ཨེ་དབྱི་རིག་ནུས་ཀྱི་ཆུ་རAI Hydrosphereཞེས་པ་དེ་ཆིན་ཧྭ་སློབ་ཆེན་ཆུ་རའི་ཚན་རིག་དང་ཆུ་བེད་བཟོ་སྐྲུན་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་རིམ་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་མཉམ་འཛུགས་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གཉིས་ཀྱིས་གློག་རྡུལ་ཁ་བརྡའི་མ་ལག་གསུམ་པའི་ཚབ་ཨང་དྲུག་པ(ChatGLM3-6Bརྟེན་གཞི་བྱས་ཏེ་སྦྱོང་བརྡར་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་སློབ་ཆེན་གཙང་གསུམ་འབྱུང་ཡུལ་གཞི་གྲངས་དབྱེ་ཞིབ་ལྟེ་གནས་སུ་ལག་ལེན་བྱེད་ཀྱིན་ཡོད། 

ཚོགས་ཐོག་ཏུ་རྒྱལ་སྤྱིའི་དུས་དེབ་ཆུ་ར་ཞེས་པ་ཁྱབ་སྤེལ་བྱས། དུས་དེབ་དེ་ཆིན་ཧྭ་སློབ་ཆེན་ཆུ་རའི་ཚན་རིག་དང་ཆུ་བེད་བཟོ་སྐྲུན་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་རིམ་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་མཉམ་འཛུགས་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་དང་། ཆིན་ཧྭ་སློབ་ཆེན་གྱིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། ཆུ་ར་ནི་ཆུ་ཚོགས་ཀྱི་གཞུང་ལུགས་དང་འབྲེལ་ཡོད་ལག་རྩལ་གྱི་ཤེས་བྱ་གསར་བའི་མ་ལག་འཕེལ་རྒྱས་སུ་གཏོང་བར་དམིགས་པའི་རྒྱལ་སྤྱིའི་དུས་དེབ་ཅིག་ཡིན་ལ། ཐོག་མར་ཁྱབ་སྤེལ་དང་རྗེས་ནས་ཞིབ་བཤེར་བྱེད་པ། ཡོངས་བསྒྲགས་ཞིབ་བཤེར་སོགས་ཀྱི་རྣམ་པ་བརྒྱུད་ནས་དཔྱད་རྩོམ་དང་ཞིབ་བཤེར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བཞིན་འདུག

  སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།